དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་ཤུར་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད་པ་ནི་རྒན་རྒོན་ཁྲི་སྟོང་མང་པོའི་བསམ་འདུན་དང་། དམངས་འཚོའི་ཐ་སྐྱོང་འགན་སྲུང་གི་དྲོ་སྐྱིད་ལྡན་ཤོས་ཀྱི་རེ་སྒུག་ཡིན་ལ། དམངས་སྲིད་ལས་དོན་གྱི་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་ཕྱོགས་ས་དེ་བས་ཡིན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དུ་མི་སེམས་དྲོ་བའི་རོགས་སྐྱོར་བྱ་ཐབས་ཞིག་ལས་ཡུན་རིང་ཉལ་སར་ལུས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཞིག་གི་སེམས་ནད་བསལ་ཏེ་ཁོང་གི་ཁེར་རྐྱང་གི་ཚེ་མཇུག་ལ་བརྟེན་ས་བྱུང་ཡོད།

    ད་ལོ་ལོ་79ལ་སླེབས་པའི་ཁེར་སྡོད་རྒན་མོ་སྒྲོལ་དཀར་ལོ་འཁོར་མོར་ཉལ་སར་ལུས་ཏེ་འཚོ་བ་ཡོངས་སུ་རང་རྐྱ་མི་འཕེར་ལ། རྣམ་ཀུན་ལྟ་རྟོག་བྱེད་མཁན་ཡང་མེད་པ་དང་ལྟོ་དུས་གསུམ་ཡང་ཆ་ཚང་པོ་ཞིག་ཟ་རྒྱུ་མེད། གཟུགས་པོ་མི་བདེ་བ་བྱུང་ཚེ་སྨན་པ་བསྟེན་ཐབས་བྲལ་བས་ཧ་ཅང་སྐྱོ་སྡུག་གི་གནས་སུ་ལྷུངས་ཡོད། སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཕོག་སྟབས་རྒན་མོས་ཕ་ཡུལ་ནས་ཁ་བྲལ་འདོད་མི་བྱེད་ལ། སེམས་གཏིང་ནས་རྒན་གསོའི་སྒྲིག་གཞིར་བརྟེན་འདོད་མེད་པས་གཅིག་སྡུད་བསྙེན་བཀུར་དང་ལེན་མི་བྱེད་པ་རེད།

    ཆུ་ཤུར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་། ཤང་གྲོང་དམངས་སྲིད་ཞབས་ཞུ་ས་ཚིགས(གནམ་སྔོན་མཐུན་ཚོགས)ཀྱི་ལས་དོན་པས་གནས་ཚུལ་དེ་ཤེས་རྗེས་རྟག་ཏུ་རྒན་མོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་སེམས་གཏམ་ཉན་ནས་ངང་རྒྱུད་རིང་པོས་ཁོང་ལ་སེམས་གསོ་བཏང་བ་མ་ཟད། ཆུ་ཤུར་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་དངོས་ལྗོངས་འདྲ་པར་དང་བརྙན་ལམ་འཁྱེར་ནས། བསྙེན་བཀུར་ལྟེ་གནས་ཀྱི་སྡོད་གནས་ཆ་རྐྱེན་གཙང་ལ་གྲལ་འགྲིག་པ་དང་། ཁ་ལག་འཚོ་བཅུད་ལྡན་ལ་ཧ་ཅང་ཞིམ་པོ་ཡོད་པས་རྒན་རྒོན་རྣམས་ཕན་ཚུན་རྩེད་འཇོར་རོལ་བཞིན་ཡོད་པ། ཆུ་ཚོད་24རིང་ཆེད་མིས་ལྟ་རྟོག་བྱེད་མཁན་ཡོད་པ་དང་། རྒྱུན་གཏན་གྱི་འཚོ་བར་ལྟ་རྟོག་དང་། ཟས་གོས་སྡོད་གསུམ། སྨན་པ་བསྟེན་པ་བཅས་ཚང་མར་འགན་ལེན་ཡོད་པ་དང་། སྲིད་ཇུས་ཀྱིས་ཐ་སྐྱོང་བྱེད་ཀྱི་ཡོད་པས་རང་ཉིད་ཀྱིས་སེམས་ཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མེད་པའི་སྐོར་གསལ་བཤད་ཡང་ཡང་བྱས།

    དངོས་དངོས་རྗེན་རྗེན་གྱི་པར་རིས་དང་མི་སེམས་དྲོ་བའི་སྐད་ཆ་ལས་རྒན་མོའི་སེམས་ནད་རིམ་བཞིན་བསལ་ཡོད།

    མཐར་རྒན་མོའི་སེམས་ཁྲལ་ཡོངས་སུ་བསལ་ཏེ་ཆུ་ཤུར་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཚེ་མཇུག་བདེ་བར་རོལ་རྒྱུའི་མོས་མཐུན་བྱུང་ཡོད།

    ཆུ་ཤུར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྒྱུན་རྣམ་ཅན་གྱི་སྒོ་ནས་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གྲལ་བཤེར་དང་འཚམས་འདྲི་བྱེད་པ་དང་། ཕྱོགས་མང་མཉམ་འགུལ་གྱི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་སྒྲོག་འགྲེལ་དང་བསམ་བློའི་སློབ་སྟོན་རྒྱུན་མཐུད་ཡག་པོ་སྒྲུབ་པ། རྒན་གསོའི་ཐ་སྐྱོང་འགན་ལེན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚང་མར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་བློ་སེམས་བདེ་བ་བཅས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།