རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ས་ཡོམ་གྱི་རོགས་སྐྱོབ་ནང་སྦྱོང་བྱས་པ།
དངོས་འཐབ་སྦྱོང་བརྡར་ཁྲོད་ནས་དམག་འཐབ་ནུས་པ་ཆེ་རུ་གཏོང་བ།

འདི་ནི་རོགས་སྐྱོབ་མི་སྣས་སྒྲིག་ཆས་ཁྱེར་ནས་རྐང་ཐང་མར“གེགས་ཁུལ”དུ་སྐྱོད་བཞིན་པ།
ས་ཡོམ་གྱི་གནོད་འཚེ་ཧ་ཅང་ཚབས་ཆེ་བའི་རིགས་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ། དཔུང་ཁག་གི་མགྱོགས་མྱུར་དང་ལེན་དང་། ཆེད་ལས་ཐག་གཅོད། རྒྱུན་མཐུད་དམག་འཐབ་བཅས་ཀྱི་ནུས་པ་སྦྱོང་བརྡར་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག(གཤམ་དུ“སྤྱི་ཁྱབ་རུ་ཁག”ཅེས་བསྡུ་རྒྱུ)གིས་ས་མཐོའི་ས་ཡོམ་གྱི་གནོད་འཚེའི་ཁྱད་ཆོས་ལ་གཞི་ཚུགས་ཏེ་གཞི་ཁྱོན་ཆེ་བ་དང་། རྒྱུ་རྐྱེན་ཀུན་འདུས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།
ནང་སྦྱོང་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་ལ་གློ་བུར་དུ་ས་ཡོམ་རིམ་པ་6.0བརྒྱབ་ནས་གནོད་འཚེའི་གནས་ཚུལ་ཚབས་ཆེ་ལ་དུས་ཚོད་ཛ་དྲག་པོ་ཡོད་པའི་རྣམ་པ་ལད་ཟློས་བྱས་ཤིང་། སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་གནོད་འཚེའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་བ་དང་རྒྱབ་ཕྱོགས་བཀོད་འདོམས་མ་ལག་བཙུགས་ནས་ནང་སྦྱོང་གི་བཀའ་རྒྱ་འཕྲལ་ཐག་ཆོད་པོས་བཏང་ཡོད། རྒྱབ་ཕྱོགས་བཀོད་འདོམས་པུས་མགྱོགས་མྱུར་འཕྲལ་སྡོམ་ལས་རེས་བྱེད་ཐབས་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་རུ་ཁག་རིམ་པའི་སྐམ་སའི་འཚོལ་སྐྱོབ་རུ་ཁག་ཆེ་གྲས་ཀྱིས་མགྱོགས་མྱུར་མི་སྣ་བསྡུ་རུབ་དང་། སྒྲིག་ཆས་གཙང་བཤེར། འཐབ་འཛིང་ཚོགས་ཆུང་འཛུགས་པ་བཅས་བྱས་ལ། ས་ཡོམ་གྱི་རོགས་སྐྱོབ་ཆེད་ལས་རུ་ཁག་6དང་། མེ་གསོད་རླངས་འཁོར་48 བཀོད་འཐབ་པ་360བཅས་ཀྱིས་དུས་གཅིག་ཏུ་དང་ལེན་ཞུས་ནས་སྐར་མ་30ཡི་ནང་འཕྲལ་སྡོམ་མི་སྣ་ཡོངས་རྫོགས་བསྡུ་རུབ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་བ་དང་། བྱ་སྤྱོད་མྱུར་བ། འབྲེལ་མཐུད་དམ་ཟབ་བཅས་ཡོང་བར་བྱས་པས་ཕན་འབྲས་ཆེ་བའི་འཕྲལ་སྡོམ་དང་ལེན་ནུས་པ་མངོན་ཡོད།
དཔུང་ཁག“ཡོམ་ལྡིག”དུ་འབྱོར་རྗེས། མདུན་ཕྱོགས་བཀོད་འདོམས་པུས་འཕྲལ་མར་མི་སྣ་དང་སྒྲིག་ཆས་ལ་ཞིབ་བཤེར་དང་མཐོང་གསལ་འཕྲིན་གཏོང་བཀོད་འདོམས་མ་ལག་བསྐྲུན་ཏེ། ཚན་རིག་དང་མཐུན་པའི་ངང་འཐབ་ཁུལ་དབྱེ་ནས། དམག་འཐབ་བཀའ་རྒྱ་གནད་སྨིན་གཤམ་གཏོང་བྱས་ཡོད། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་དང་། ཟམ་པ་བརྡིབས་པ། འཕྲིན་གཏོང་ཆད་པ་སོགས་དཔེ་མཚོན་གྱི་དངོས་འཐབ་རྣམ་གྲངས་ལག་བསྟར་བྱས་ཡོད། ས་གནས་ས་ཐོག་ཏུ་དངོས་འཐབ་ཀྱི་དགོས་མཁོ་གཞིར་བཟུང་། བཀོད་འདོམས་དང་། སྨན་བཅོས། ཞག་སྡོད། རིམས་འགོག་སོགས་བྱེད་ནུས་ཁུལ་འཆར་འགོད་གཅིག་གྱུར་བྱས་པས། བཀོད་སྒྲིག་ལུགས་མཐུན་དང་འཁོར་སྐྱོད་ཚད་ལྡན་བྱུང་ཡོད།
འཚོལ་སྐྱོབ་སྟོབས་ཤུགས“ཡོམ་ལྡིག”གི་ལྟེ་བའི་ཁུལ་དུ་བསྐྱོད་དེ་ཆུ་ཚོད་6བསྟུད་མར་དཀའ་ཁག་ཆེ་བའི་ལས་ཀ་བྱས་ཤིང་། དེའི་རིང་རྐང་ཐང་མར་སྐྱོད་པ་དང་། ས་ཁོངས་ཧྲིལ་པོར་འཚོལ་ཞིབ། འདེཌ་སྐྱོར་བྱེད་པ། ས་ཆ་གུ་དོག་སར་རོགས་སྐྱོབ་སོགས་དངོས་འཐབ་རྣམ་གྲངས་10ལྷག་ཙམ་ལེགས་གྲུབ་བྱས་ནས“ཚེ་སྲོག་བགྲོད་ལམ”གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་མི་སྣ་འཚོལ་སྐྱོབ་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད། ཁོར་ཡུག་གི་ཚོད་བགམ་ཁྲོད་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྩལ་ནུས་ཆེ་རུ་དང་། མཐུན་སྦྱོར་གཞོགས་འདེགས་ཀྱི་ཆུ་ཚད་མཐོ་རུ། ས་གནས་ས་ཐོག་ཏུ་བདེ་འཇགས་རོགས་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་བཏང་བས་དམག་འཐབ་ཀྱིས་སྦྱོང་བརྡར་ལ་སྣེ་ཁྲིད་དང་སྦྱོང་བརྡར་གྱིས་དམག་འཐབ་ལ་སྐུལ་འདེད་དངོས་འབྲེལ་གཏོང་ཐུབ་ཡོད།
དམག་གྲབས་འགན་སྲུང་སྟོབས་ཤུགས་ཀྱིས་དུས་ཡུན་སྐར་མ་90ཡི་ནང་བཀོད་འདོམས་དང་། སྨན་བཅོས། ཞག་སྡོད། རིམས་ནད་སྔོན་འགོག་སོགས་བྱེད་ནུས་མང་བའི་ས་ཁོངས་ཕན་ནུས་ཆེན་པོས་བསྐྲུན་ཏེ་ནང་སྦྱོང་བྱ་ཡུལ་བརྟན་པོ་ཡོང་རྒྱུར་རྨང་གཞི་བཏིང་ཡོད། ལས་གནས་མང་པོས་མཉམ་དུ་ཤུགས་འདོན་དང་འབྲེལ་མཐུད་དམ་ཟབ་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་དང་བསམ་བློའི་འགན་སྲུང་མ་ལག་བརྟན་པོ་བཙུགས་པས་ནང་སྦྱོང་ཧྲིལ་པོར་ཕྱོགས་ཡོངས་ནས་འདེགས་སྐྱོར་ཐུབ་ཡོད།
ནང་སྦྱོང་མཇུག་འགྲིལ་རྗེས། མདུན་ཕྱོགས་བཀོད་འདོམས་པུས་ཆེད་དོན་ཕྱོགས་སྡོམ་ཚོགས་འདུ་འཕྲལ་མར་འཚོགས་ནས་དང་ལེན་གྱི་མྱུར་ཚད་དང་། འཕྲིན་གཏོང་འགན་ལེན། སྒྲིག་ཆས་ཀྱི་ནུས་པ། མཐུན་སྦྱོར་གཞོགས་འདེགས་སོགས་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་ཐོག་དམིགས་ཏེ་གནད་དོན་བཙལ་འཚོལ་གཏིང་ཟབ་དང་འབྱུང་རྩར་དབྱེ་ཞིབ་ཀྱིས་དག་ཐེར་གྱི་ཁ་ཕྱོགས་ཁ་གསལ་བཏོན་ཡོད། གོམ་སྟབས་རྗེས་མར། སྤྱི་ཁྱབ་རུ་ཁག་གིས་རྒྱུན་མཐུད་ངང་ཞན་ཆ་བསལ་ནས་ས་ཡོམ་གྱི་གནོད་འཚེའི་རོགས་སྐྱོབ་དངོས་འཐབ་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ས་མཐོའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།