ཧོ་ནན་དང་བོད་ལྗོངས་དབར་སྨན་བཅོས་རོགས་སྐྱོར་གྱི་སྦྲེལ་ཟམ་བཙུགས་པ།
ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱ་ཡུལ་དུ་བོད་རིགས་རྒད་པོ་ཞིག་གིས“ལྷ་རྗེའི་བྱ་སྤྱོད”སྨན་བཅོས་རུ་ཁག་གི་རུ་སྣེ་འཁྲིད་མཁན་དང་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བའི་ལག་ནས་དམ་པོར་འཇུས་ཏེ“ཧོ་ནན་གྱི་རིགས་གཅིག་མཁས་ཅན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བུའི་མནའ་མ་བསྐྱབས་པ་མ་ཟད། ངའི་ཚ་བོ་ཡང་བསྐྱབས་བྱུང”ཞེས་བཤད་པ་དང་། ལོ་14ལ་སླེབས་པའི་ཁོང་གི་ཚ་བོ་ཕུན་ཚོགས་སྙན་གྲགས་ཀྱིས་དགའ་བའི་འཛུམ་མདངས་སྟོན།
བརྩེ་བ་ཟབ་པའི་རྣམ་པ་འདི་ནི“ལྷ་རྗེའི་བྱ་སྤྱོད”ཀྱི་2026ལོའི་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དབྱེ་བཤེར་རོགས་སྐྱོབ་བྱ་སྤྱོད་སྤེལ་བའི་ཉིན་དང་པོར་ཐོན་པ་ཞིག་རེད། ལེ་དབར་སྟོང་ཕྲག་བརྒལ་བ་དང་དུས་ཡུན་ལོ་བཞི་སོང་རྗེས་སྨན་པ་དང་ནད་པ་བསྐྱར་དུ་འཛོམས་པ་དེ་ལ་ཧོ་ནན་དང་བོད་ལྗོངས་དབར་གྱི་སྤུན་ཟླའི་བརྩེ་བ་ཟབ་པའི་མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་ཡོད།
གནས་ཚུལ་དེ་ནི་2022ལོར་ཐོན་ཞིང་། ལོ་དེར་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི“ལྷ་རྗེའི་བྱ་སྤྱོད”ཀྱི་སྨན་བཅོས་ཚོགས་པ་སྣ་དཀར་རྩེ་རྫོང་དུ་སྤྱི་ཕན་དབྱེ་བཤེར་བྱེད་པར་ཐེངས་དང་པོ་སྐྱོད་སྐབས་སྨན་དོན་པས་ལོ་ན་ཕྲ་བའི་ཕུན་ཚོགས་སྙན་གྲགས་ངོ་ཤེས། ལྷན་སྐྱེས་སྙིང་ནད་ཕོག་པའི་དབང་གིས་ཕུན་ཚོགས་སྙན་གྲགས་ན་ཟླ་དང་འདྲ་བར་གང་འདོད་དུ་རྒྱུག་ཤར་གློད་ནས་རྩེད་མོ་རྩེ་ཐབས་བྲལ་ཞིང་། ཅུང་ཙམ་འགུལ་ནའང་དབུགས་ཧལ་ནས་ལུས་ཤུགས་ཟད་ཀྱི་ཡོད། “ལྷ་རྗེའི་བྱ་སྤྱོད”ཀྱི་སྤྱི་ཕན་རྣམ་གྲངས་དེས་ཁོ་པར་རེ་བའི་འོད་སྣང་སྦྱིན་པ་དང་། སྨན་བཅོས་ཚོགས་པ་དང་མཉམ་དུ་ཀྲེན་ཀྲོའུ་རུ་བསྐྱོད་དེ་སྨན་རིན་མི་དགོས་པར་སྙིང་ཁམས་གཤགས་བཅོས་བྱས་པ་རེད།
ལོ་བཞི་སོང་རྗེས། དེ་སྔ་ན་ཟུག་གིས་གཙེས་པའི་ན་ཆུང་དེ་བདེ་མ་ཐང་མར་གྱུར་ཡོད། ད་ཆ་ཕུན་ཚོགས་སྙན་གྲགས་རྒྱུག་ཤར་ཅི་དགར་གློད་ཐུབ་པ་དང་དགོད་ཁ་རྩེད་མཚར་གྱིས་ན་ཆུང་གི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད། ཧོ་ནན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་སླར་ཡང་དབྱེ་བཤེར་བྱེད་པར་ཡོང་བ་ཤེས་རྗེས། མེས་པོ་དང་ཚ་བོ་གཉིས་པོས་ཉིན་གཅིག་སྔ་སྣུར་དུ་ཤང་ནས་རྫོང་གྲོང་དུ་བསྐྱོད་དེ་སྔ་ས་ནས་དབྱེ་བཤེར་བྱ་ཡུལ་དུ་དྲིན་ཅན་དང་ཐུག་རྒྱུར་རེ་སྒུག་ཆེན་པོ་བྱས། “རིགས་གཅིག་མཁས་ཅན་ལ་ཡང་བསྐྱར་བརྟག་དཔྱད་གནང་རོགས་ཞུས་རྗེས་ང་ཚོ་གཞི་ནས་བློ་བདེ་པོ་བྱུང”ཞེས་བགྲེས་སོང་གི་བབ་ཆགས་པའི་སྐད་ཆ་དེ་ཐོག་ནས་སེམས་གཏིང་ནས་ཁོང་ཚོར་བློས་འགེལ་བ་མཚོན།
སྨན་བཅོས་ཚོགས་པས་ཕུན་ཚོགས་སྙན་གྲགས་ལ་ཕྱོགས་ཡོངས་ནས་བསྐྱར་བཤེར་ནན་ཏན་བྱས་ཏེ་རྒྱུན་གཏན་ནས་དོ་སྣང་བྱེད་དགོས་པའི་དོན་ཚན་ཁ་ཏ་ཞིབ་ཚགས་བྱས་ཤིང་། “དྲག་སྐྱེད་ཡག་པོ་བྱུང་ནས་གཟུགས་པོ་བདེ་མ་ཐང་མ་འདུག”ཅེས་པའི་བརྟག་དཔྱད་བྱས་འབྲས་ཐོས་སྐབས་མེས་པོ་དང་ཚ་བོ་གཉིས་པོའི་གདོང་ལས་དགའ་བའི་འཛུམ་མདངས་རབ་ཏུ་འཕྱུར།
ལོ་མང་རིང་། “ལྷ་རྗེ”ཡི་སྤྱི་ཕན་བྱ་སྤྱོད་ཀྱིས་རི་ཀླུང་གི་བཀག་རྒྱ་ལས་བསྒྲལ་ཏེ་ཧོ་ནན་དང་བོད་ལྗོངས་དབར་སྨན་བཅོས་རོགས་སྐྱོར་གྱི་སྦྲེལ་ཟམ་ཞིག་བསྐྲུན་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།