ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས《མི་དམངས་གོང་དུ་བཀུར》ཞེས་པ་པེ་ཅིང་དུ་འཚོགས་པ།
ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་གཟིགས་པར་ཕེབས་པ།

ཟླ་6ཚེས་29ཉིན་གྱི་དགོང་མོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས《མི་དམངས་གོང་དུ་བཀུར》ཞེས་པ་པེ་ཅིང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་ལྟད་མོ་བ་3000ལྷག་ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། བརྩེ་བས་ཕྱུག་པའི་རོལ་དབྱངས་ལེ་ཚན་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་གུས་འདུད་ཞུ། སྐད་གསང་མཐོན་པོས་གླུ་དབྱངས་སྙན་པོ་བླངས་ནས་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་མཉམ་དུ་གྱེར་འདོན་བྱེད། ཚེས་29ཉིན་གྱི་དགོང་མོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས《མི་དམངས་གོང་དུ་བཀུར》ཞེས་པ་པེ་ཅིང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་ལྟད་མོ་བ་3000ལྷག་ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཏེ། འོད་སྟོང་འཕྲོ་བའི་དུས་ཆེན་འདིར་ལྷན་དུ་རྟེན་འབྲེལ་ཞུས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཆུ་ཚོད་19དང་སྐར་མ་55ཙམ་ལ་སྤྲོ་སྣང་འཕེལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རོལ་དབྱངས་འདུ་ཚོགས་འཚོག་ཡུལ་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
“གླུ་ཞིག་བླངས་ནས་ཏང་ལ་འབུལ། ཏང་ནི་ངའི་སྐྱེད་མ་ལྟར་ཡིན”ཞེས་པའི་སྒྲ་གདངས་གསལ་བའི་བྱིས་པའི་མཉམ་གཞས་དང་བསྟུན་ནས་རོལ་དབྱངས་འདུ་ཚོགས་འགོ་ཚུགས་ཤིང་། འཁྲབ་སྟོན་ལེའུ་ལྔ་ལ་དབྱེ་ཡོད་པ་དང་། རིག་རྩལ་ལས་དོན་པ་ཚོས་བྱང་ཆུབ་པའི་རོལ་དབྱངས་དཀྲོལ་གཏོང་དང་མི་སེམས་འགུལ་བའི་གླུ་དབྱངས་ལ་བརྟེན་ནས་ཏང་ལ་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་པར་བྱས་ཏེ། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་གསུང་སྒྲ་ཆེན་པོ་བསྒྲགས་པ་རེད།
《དར་དམར་ལ་བསྟོད་པ》ཞེས་པའི་མཉམ་སྒྲོག་རོལ་དབྱངས་རྔམ་བརྗིད་ལྡན་པའི་ངང་དཀྲོལ་བ་དང་། བརྗིད་ཉམས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལས་མེས་རྒྱལ་ལ་བཅངས་པའི་ལྷད་མེད་བརྩེ་སེམས་མཚོན་པ་མ་ཟད། འབུད་དཀྲོལ་རོལ་དབྱངས《སྔོན་བྱོན་པར་གུས་འདུད་ཞུ》ཞེས་པ་ལས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་ཡོད།《མེ་ཏོག་དམར》དང་། 《ཟླ་བརྒྱད་པར་དྲི་ལྡན་མེ་ཏོག་གང་སར་བཞད》 《རྨ་ཆུར་བསྟོད་གླུ་འབུལ》 《བཅིངས་འགྲོལ་ཁུལ་གྱི་ཉིན་མོ》བཅས་ཀྱིས་གསར་བརྗེའི་དམག་འཁྲུག་ལོ་རབས་ཀྱི་དམག་དམངས་བློ་སེམས་གཅིག་མཐུན་དང་ཀུན་སེམས་གཅིག་སྒྲིལ་གྱི་བརྗིད་ཆེའི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ། མང་ཚོགས་དུང་ཕྱུར་མང་པོས་ཏང་གི་རྗེས་སུ་འབྲང་བ་དང་འཚོ་བ་གསར་པ་བསུ་བའི་སྤྲོ་སྣང་བརྒྱུད་སྤྲོད་བྱས་ཡོད། 《རྟ་ཕོ་ལྕག་གིས་སྐུལ་ནས་འབྲུ་རིགས་སྐྱེལ་བར་བྲེལ》དང་། 《ཕྱེ་ལེབ་ཆུ་མིག་གི་འགྲམ་དུ》 《གོས་འཁྲུད་གླུ་གཞས》 《ཞིང་ནང་དུ་དཔྱིད་དཔལ་བཞད》 《ངས་མེས་རྒྱལ་ཆེད་རྡོ་སྣུམ་འདོན་པ》 《ཐ་ཧྲི་ཁུར་ཀན་དུ་ཉི་འོད་རབ་ཏུ་འཕྲོ》བཅས་ལས་གྲུབ་པའི་འབུད་དཀྲོལ་རོལ་དབྱངས་དང་མཉམ་གཞས《ངོ་མཚར་ཆེ་བའི་ཁྱིམ་གཞིས》ཞེས་པ་ལས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་རིང་ལས་རིགས་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་ཁྱིམ་གཞིས་སྐྲུན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་མངོན་ཡོད། འབུད་དཀྲོལ་རོལ་དབྱངས་དང་མཉམ་གཞས《རེ་བའི་ཞིང་ས》ཞེས་པའི་ཕུལ་བྱུང་གླུ་གཞས་རེ་རེ་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་ས་གཞི་ཆེན་པོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་དགའ་འོས་པའི་འགྱུར་ལྡོག་བྱུང་ཚུལ་མཚོན་པ་དང་། བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་མངོན་འགྱུར་བྱེད་པའི་ཀྲུང་ཧྭའི་བུ་ཕྲུག་གི་བསམ་འདུན་བཟང་པོ་བརྗོད་ཡོད་པ་རེད།
ལོ་105ཡི་རིང་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་། ལོ་105ཡི་རིང་ལག་གདང་སྦྲེལ་ནས་འབད་འབུངས་མདུན་སྐྱོད་བྱེད། རོལ་དབྱངས་འདུ་ཚོགས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ་ལྟད་མོ་ཧ་ཅང་ཆེན་པོ་ཡོད་ཅིང་། འབུད་དཀྲོལ་རོལ་དབྱངས《རི་ཆུའི་དགའ་གླུ》དང《སེམས་པ་གཅིག་མཐུན》ཞེས་པ་ལས་དུས་རབས་གསར་པའི་ཡར་ངོའི་ཟླ་ལྟར་གོང་འཕེལ་གྱི་དར་རྒྱས་ཆེ་བའི་རྣམ་པ་མངོན་པ་དང་། མཉམ་གཞས《རི་ཀླུང་ལ་བརྩེ་སེམས་ཟབ་མོ་འཆང་བ》ཞེས་པ་ལས་བརྩེ་བ་ཟབ་མོར་བརྟེན་ནས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ། འབུད་དཀྲོལ་རོལ་དབྱངས《མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ》ཞེས་པ་རྔམ་བརྗིད་ཆེན་པོས་གྲགས་པ་དང་བསྟུན་ནས་ཚོགས་ར་ཡོངས་སུ་མཐོ་རླབས་ཡང་ཡང་འཕྱུར། ཚོགས་ར་ཡོངས་སུ《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་གཞས་སྐད་གསང་མཐོན་པོས་མཉམ་དུ་བཏང་བ་དང་ཆབས་ཅིག་རོལ་དབྱངས་འདུ་ཚོགས་མཇུག་འགྲིལ་བ་རེད།
པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་རོལ་དབྱངས་འདུ་ཚོགས་ལ་བཞུགས་ཡོད་པ་རེད།
རོལ་དབྱངས་འདུ་ཚོགས་ལ་གཟིགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མི། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།