རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ།
ས་གནས་དེ་གའི་དུས་ཚོད་ཚེས་24ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་རི་ནེ་ཝར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་གནམ་གཤིས་ཅུས་སྲུང་སྐར་གནམ་གཤིས་རིགས་གཅིག་མཁས་ཅན་ཞུས་ཅན་མིན་ལ་སྐབས་བདུན་ཅུ་པའི་རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་སྤྲད་དེ་ཁོང་གིས་གནམ་གཤིས་སྔོན་བརྡ་དང་། སྲུང་སྐར་གནམ་གཤིས་བྱ་གཞག དེ་བཞིན་གནམ་གཤིས་ལས་སྒོ་བཅས་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད།
རང་རྒྱལ་གྱི་རླུང་སྤྲིན་གནམ་གཤིས་སྲུང་སྐར་བྱ་གཞག་གི་རྨང་གཞི་འདིང་མཁན་དང་གསར་འབྱེད་པ་ཡིན་པའི་ཞུས་ཅན་མིན་གྱིས་རླུང་སྤྲིན་རྟགས་ཅན་དང་པོའི་གནམ་གཤིས་བརྟག་དཔྱད་འཁོར་སྐར་དང་རླུང་སྤྲིན་རྟགས་ཅན་གཉིས་པའི་འགུལ་མེད་གནམ་གཤིས་བརྟག་དཔྱད་སྲུང་སྐར་ཞིབ་བཟོ་འཕེན་གཏོང་བྱེད་པར་སྐུལ་འདེད་བཏང་བས་རང་རྒྱལ་ལ་གནམ་གཤིས་སྲུང་སྐར་མེད་པ་ནས་ཡོད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ཚོགས་པའི་སྣེ་ཁྲིད་དེ་གནམ་གཤིས་སྲུང་སྐར་ཁག་གཅིག་སྤྱོད་པའི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱས་ནས། རླུང་སྤྲིན་གནམ་གཤིས་སྲུང་སྐར་དེ་ཉིད་གནམ་གཤིས་སྔོན་བརྡ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་རམ་འདེགས་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་བ་རེད།
རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་ལས་རིགས་ཀྱི་མཚན་སྙན་མཐོ་ཤོས་ཀྱི་བྱ་དགའ་ཞིག་ཡིན་པས“གནམ་གཤིས་ལས་རིགས་ཀྱི་ནོ་པེར་བྱ་དགའ”ཞེས་བརྗོད་ཀྱི་ཡོད། བྱ་དགའ་དེ་ལོ་ལྟར་ཐེངས་རེ་སྤྲད་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་དང་། ཆུ་དཔྱད། སའི་གོ་ལའི་དངོས་ཁམས་ཚན་རིག་བཅས་ཁྱབ་ཁོངས་སུ་ཕུལ་བྱུང་གི་ལེགས་སྐྱེས་འབུལ་མཁན་ལ་བྱ་དགའ་སྤྲོད་ཀྱི་ཡོད། ཞུས་ཅན་མིན་ནི་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཀྲུང་གོའི་ཚན་རིག་མཁས་ཅན་བཞི་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།