ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥན་ཅང་གིས་བརྗོད་དོན།
གྲོང་གསེབ་ཀྱི་སྤུས་ལེགས་ཡུལ་ཟོག་མི་དེ་བས་མང་བར་འོས་སྦྱོར་བྱེད་ཀྱི་ཡིན།

འདི་ནི་ཧྥན་ཅང་གིས་ཐད་གཏོང་བྱེད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
ད་ལོ་ལོ་37ལ་སླེབས་པའི་ཧྥན་ཅང་གི་ལུས་ཐོག་ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་དང་། རྒྱལ་ཡོངས་གྲོང་གསེབ་དར་རྒྱས་ཀྱི་ན་གཞོན་གདོང་ལེན་པ། དམག་ཞབས་ཐིམ་པའི་དམག་མི། ལས་གཏོད་པ། ཐད་གཏོང་བ་ལ་སོགས་པའི་མཚན་སྙན་མང་པོ་ཡོད་མོད། འོན་ཀྱང་ཁོང་གིས“ང་ནི་སྨྱན་སྦྱོར་གསར་པར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་མཁན་ཞིག་ཡིན”ཞེས་རང་ཉིད་ཀྱི་ངེས་གནས་དེ་རང་ལས་ངོམ་གྱི་མེད།
ཧྲན་ཤིས་ཀྱི་ཕྱོགས་སྒྱུར་ཕྱོགས་བསྡུས་སྒྱུར་བཅོས་དཔེ་སྟོན་ཁུལ་དུ་གནས་པའི་ཧྲན་ཤིས་རིག་ནུས་གསར་གཏོད་གྲོང་གཞུང་ལས་ཐོག་ཁང་ནས་གསར་འགོད་པ་དང་ཧྥན་ཅང་འཕྲད།
དམག་ཞབས་ཐིམ་རྗེས་ཧྥན་ཅང་ཕ་ཡུལ་དུ་ལོག་ནས་ཁེ་ལས་བཙུགས་ཏེ་སྨན་ཇའི་ཐོན་ལས་གཉེར་ཞིང་། 2022ལོར་ཁོང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི“ན་གཞོན་ལས་བརྩོན་ཀྲུང་གོའི”རྣམ་གྲངས་ནང་ཞུགས་པ་དང་དུས་དེ་ནས་བཟུང་སྤྱི་ཕན་ཐད་གཏོང་གི་ཞིང་སྐྱོར་འཐབ་ས་དང་པོར་གཞི་ཚུགས་ནས། “ན་གཞོན་ལས་བརྩོན་ཀྲུང་གོའི”ཐད་གཏོང་ཞིང་སྐྱོར་མནའ་འབྲེལ་འཛུགས་པའི་ནང་ཞུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཕན་ཐད་གཏོང་གི་ཞིང་སྐྱོར་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར་མནའ་འབྲེལ་དེས་སྤྱི་ཕན་ཐད་གཏོང་བ་285བསྡུས་པ་དེ་དག་ཁྱུག་དབྱིངས་དང་། ཐའོ་པའོ། ཞའོ་ཧུང་ཧྲུའུ་སོགས་ལས་སྟེགས་སུ་ཁྱབ་ཡོད། ཐད་གཏོང་བའི་དྲ་རྒྱ་ཡོངས་ཀྱི་དོ་ཁུར་བྱེད་མཁན་དུང་ཕྱུར་4.3ལས་བརྒལ་བ་དང་། ལྟ་ཐེངས་དུང་ཕྱུར་40ལས་བརྒལ་བ། ལས་སྟེགས་ཐོན་རྫས་མཛོད་དུ་བཅུག་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཞིང་སྐྱོར་ཐོན་རྫས་སྣ་ཁ་3088ཟིན་ཡོད། ཧྥན་ཅང་གིས་ད་ལྟ་ཧྲན་ཤིས་ཞིང་ཆེན་གྲངས་འཛིན་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཧྲན་ཤིས་གཞོན་ནུའི་གྲངས་འཛིན་ཀུན་འདུས་སྨྱན་སྦྱོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཧྥན་ཅང་གིས་སྣེ་ཁྲིད་པའི་སྤྱི་ཕན་ཞིང་སྐྱོར་ཚོགས་པས་ཞིང་ཆེན་20ལྷག་ཙམ་ལ་བསྐྱོད་པ་དང་། ཁོང་ད་དུང་ནང་སོག་དང་། ཧུའུ་ནན། ཀོང་ཤིས་སོགས་ས་ཁུལ་གྱི“གྲོང་གསེབ་ཀྱི་སྤུས་ལེགས་ཡུལ་ཟོག་འོས་སྦྱོར་དཔོན”ལ་བསྐོས་པ་རེད།
ས་ཆ་གང་ཞིག་ལ་སྐྱོད་རིམ་བཞིན་ཧྥན་ཅང་གིས་སྔ་སྣུར་དུ་ས་གནས་དེ་གའི་ཁྱད་ཆོས་ཤེས་རྟོགས་དང་། དཔྱད་གཞི་སྣ་ཚོགས་ལྟ་ཀློག ཐད་གཏོང་གི་ནང་དོན་ལེགས་བཅོས་བཅས་བྱེད་ཀྱི་ཡོད། “ཐད་གཏོང་ཟོག་ཚོང་གིས་ས་གནས་དེ་གའི་ལོ་རྒྱུས་རིག་གནས་གང་ལེགས་མངོན་པར་བྱེད་དགོས”ཧྥན་ཅང་གིས་ཚོགས་པས་འཚོང་འབོད་རྒྱག་པ་དང་རྒྱུན་རྣམ་གྱི་ཚོང་ཟོག་སྟོན་པའི་ཟོག་ཚོང་བྱེད་སྟངས་དོར་ཏེ། ས་གནས་ཀྱི་ཁྱད་ཆོས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཀྱི་དམངས་གཞས་དང་གནའ་བོའི་སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་སྒོ་སྤེལ་བ། ཡིག་གཟུགས་མཁས་པ་སོགས་གདན་དྲངས་ནས་ས་གནས་ས་ཐོག་ཏུ་ཡིག་གཟུགས་འབྲི་བ་བཅས་བྱས་ཏེ་ཐད་གཏོང་ལ་རིག་གནས་ཀྱི་ནང་དོན་དེ་བས་མང་བ་བསྣན་ཡོད”ཅེས་ཧྥན་ཅང་གིས་ངོ་སྤྲོད་བྱས།
སྤྱི་ཕན་ཐད་གཏོང་བ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད། ཧྥན་ཅང་གིས་ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་ཞལ་འདེབས་འབུལ་མཁན་གཙོ་བོའི་འགན་ཁུར་ནས་སྤྱི་ཕན་ཐད་གཏོང་བ་གསོ་སྐྱོང་གི་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཡོད། “ང་ཚོས་ཐད་གཏོང་བ་མང་པོ་ཞིག་ལ་ལག་རྩལ་དང་། ཐོན་ཁུངས། ཐད་གཏོང་བྱེད་སྟངས་སོགས་ཐད་ཀྱི་གནད་དོན་རིན་མེད་ངང་ཐག་གཅོད་བྱེད་རོགས་བྱས་ཏེ་ཧྲན་ཤིས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་ཀྱི་ཡོད”
“དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ང་ཚོས་དུས་རབས་ཀྱི་ཁ་ཕྱོགས་ལ་གཞི་ཚུགས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཚན་རྩལ་གསར་གཏོད་ཀྱི་འཐབ་ས་མདུན་མར་ཞུགས་པའམ་ཡང་ན་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་སར་གཞི་ཚུགས་པའམ་ཡང་ན་སྤྱི་ཚོགས་ཞབས་ཞུའི་ལས་གནས་བརྟན་སྲུང་བྱེད་པ་གང་ཞིག་ཡིན་རུང་། ཚང་མར་རྒྱང་རིང་གི་ཕུགས་འདུན་མཛུབ་ཁྲིད་དུ་བྱས་ནས་རང་ཉིད་ཀྱི་གནས་ཚད་གནད་ལ་འཁེལ་པོ་འཚོལ་ཐུབ་པ་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐད་ང་རང་གིས་སྒྲུབ་འདོད་པའི་བྱ་བ་ད་དུང་མང་པོ་ཡོད་ཅེས”ཧྥན་ཅང་གིས་བཤད།
(ལྷག་ཚེས་བསྒྱུར། ལྷག་ཚེ་དང་ཚེ་ལྷས་ཞུས)
འབྲེལ་ཡོད་གསར་འགྱུར།