ལོ་7གྱི་རིང་ཡུས་ཐུང་ཚོགས་པས་མོ་ཞི་ཁོའི་གྲོང་ཁྱེར་གཙོ་བོ་10ཙམ་ལ་རིམ་རྩིས་བརྒྱབ་ན་སྤྱི་སྤྱོད་རླངས་འཁོར་1400ལྷག་ཙམ་རྩིས་སྤྲད་པ།
“འགྲིམ་འགྲུལ་ཡོ་བྱད་ཙམ་མིན་པར་གྲོང་ཁྱེར་ལ་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན”
2026ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་གཙོ་གཉེར་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་མོ་ཞི་ཁོ་ཡིས་གོ་ལ་ཧྲིལ་པོའི་སྤོ་ལོ་དབྱིངས་པ་དང་ཡུལ་སྐོར་བ་བསུ་བཞིན་ཡོད། འགྲན་རའི་ཕྱི་རོལ་དུ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལ་ཚོད་བགམ་ཆེན་པོ་འཕྲད་བཞིན་ཡོད་པས། སྤྱི་འཁོར་གྱི་འདྲེན་ནུས་ཆེ་རུ་གཏོང་བ་དང་། འགྲོ་ལམ་འགག་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ། ཕྱིར་སྐྱོད་ཀྱི་བཙོག་འབུད་ཉུང་དུ་གཏོང་བ་བཅས་ནི་འཕྲལ་མར་སྒྲུབ་དགོས་པའི་བྱ་བར་གྱུར།
མོ་ཞི་ཁོ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ཨ་ཙི་ཐེ་ཁེ་ལུས་རྩལ་ཐང་གི་ཉེ་འགྲམ་དུ། ཀྲུང་གོ་ཡུས་ཐུང་ཚོགས་པས་བཟོས་པའི་ལམ་ལྕགས་མེད་པའི་གློག་སྒུལ་སྤྱི་འཁོར་དལ་གྱིས་འབབ་ཚུགས་སུ་སྐྱོད་བཞིན་ཡོད་ཅིང་། རླངས་འཁོར་གྱི་སྒོ་ཕྱེ་བ་ན་སྤོ་ལོ་དབྱིངས་པ་དང་གྲོང་མི་རྣམས་རེ་རེ་བཞིན་རླངས་འཁོར་ལ་འཛུལ་བཞིན་ཡོད། རླངས་འཁོར་གཞུང་ལམ་དུ་བརྟན་པོའི་ངང་སྐྱོད་འགོ་ཚུགས་དུས། སྲོལ་རྒྱུན་གྱི་ཁྲའེ་ཡིའུ་སྣུམ་བླུགས་རླངས་འཁོར་གྱི་འུར་སྒྲ་ཧ་ལམ་ཐོས་རྒྱུ་མེད།
2018ལོར་མོ་ཞི་ཁོའི་ཁྲོམ་རར་ཞུགས་པ་ནས་བཟུང་། ཡུས་ཐུང་ཚོགས་པས་རྒྱལ་ཁབ་དེ་གའི་གྲོང་ཁྱེར་གཙོ་བོ་10ཙམ་ལ་གློག་སྒུལ་དང་། རང་བྱུང་སོལ་རླངས། ཁྲའེ་ཡིའུ་སྣུམ། དེ་བཞིན་མཉམ་བསྲེས་སྒུལ་ཤུགས་བཅས་ཀྱི་སྤྱི་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་པ་དང་། རིམ་རྩིས་བརྒྱབ་ན་སྤྱི་སྤྱོད་རླངས་འཁོར་1400ལྷག་ཙམ་རྩིས་སྤྲད་དེ་འགྲུལ་པ་ཁྲི་10ཙམ་ལ་ཕྱིར་སྐྱོད་ཀྱི་ཞབས་འདེགས་ཞུས་ཡོད། ད་ཆ་ཡུས་ཐུང་ཚོགས་པས་གཙོས་པའི་ཀྲུང་གོའི་སྤུས་རྟགས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཡུལ་བབ་དང་མཐུན་པའི་ལག་རྩལ་འཚམ་སྒྲིག་དང་རྒྱུན་མཐུད་འཐུས་ཚང་གི་ཞབས་ཞུ་འགན་ལེན་བྱས་པ་བརྒྱུད། མོ་ཞི་ཁོའི་སྤྱི་སྤྱོད་རླངས་འཁོར་གྱི་མ་ལག་དེང་རབས་ཅན་དུ་འགྱུར་བར་རམ་འདེགས་བྱེད་བཞིན་ཡོད་པ་རེད།
“རླངས་འཁོར་འཚོང་བ”ཙམ་མ་ཟད“རྩ་བ་ཚུགས་པར”བྱས་ཏེ་ཡུལ་དེ་གར་ཕྱོགས་པའི་འགྲིམ་འགྲུལ་གྱི་ཐག་གཅོད་ཇུས་གཞི་བཏོན་པ།
འགྲན་བསྡུར་ཆེ་གྲས་ཀྱི་དབང་གིས་དུས་ཡུན་ཐུང་ངུའི་ནང་གྲོང་ཁྱེར་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། སྤྱི་པའི་འགྲིམ་འགྲུལ་མ་ལག་བདེ་འཇགས་དང་། བརྟན་པོ། ནུས་ཆེ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་པར་བྱེད་དགོས་ཤིང་། འཛམ་གླིང་བུམ་པའི་རིང་ཡུས་ཐུང་ཚོགས་པས་ཕྱིར་སྐྱོད་ཐད་ཀྱི་འགན་ལེན་ལས་དོན་སྒྲུབ་པ་ནི་ཡུལ་དེ་གའི་སྤྱི་པའི་འགྲིམ་འགྲུལ་ཁྲོམ་རར་ཧུར་ཐག་གཞོལ་བའི་མཚོན་ཚུལ་ཞིག་རེད། མོ་ཞི་ཁོའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཕུའུ་ཨའེ་པུའུ་ལ་ནས་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་མོང་ཐེ་ལེ་དང་། དེ་ནས་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་བཅས་ཀྱི་བར། ཡུས་ཐུང་ཚོགས་པས་ཕྱིར་གཏོང་སྣ་གཅིག་ནས་རིམ་བཞིན་ཡུལ་དེ་གར་ཕྱོགས་པའི་འགྲིམ་འགྲུལ་གྱི་ཐག་གཅོད་ཇུས་གཞི་འདོན་མཁན་དུ་གྱུར་ཡོད།
མོ་ཞི་ཁོའི་རྙོག་འཛིང་ཆེ་བའི་ས་ཁམས་ཁོར་ཡུག་དང་འཚམ་པར་བྱ་ཆེད། ཡུས་ཐུང་ཚོགས་པས“ལག་རྩལ་འཚམ་སྒྲིག་རང་ཡུལ་ཅན”གྱི་མ་ལག་བཙུགས་ནས་གྲོང་ཁྱེར་མི་འདྲ་བའི་བཀོལ་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད། “ང་ཚོས་ད་ཡོད་ཀྱི་ཐོན་རྫས་རྣམས་མཁོ་མཁན་ལ་ཁྱབ་སྤེལ་བྱེད་པ་མིན་པར། ཡུལ་ལུང་སོ་སོའི་གནམ་གཤིས་དང་། ས་བབ། ལམ་ཐིག་གི་དགོས་མཁོ་གཞིར་བཟུང་། ས་ཡུལ་དངོས་སུ་བརྟག་ཞིབ་དང་གཏན་འཁེལ་ཡོད་པའི་སྒོ་ནས་གསར་སྤེལ་བྱེད་ཀྱི་ཡོད། མོ་ཞི་ཁོ་རུ་སྤྱོད་པའི་ང་ཚོའི་འཐབ་ཇུས་ནི‘རླངས་འཁོར་འཚོང་བ’ཙམ་མ་ཟད་དེ་གར‘རྩ་བ་འཛུགས་རྒྱུ’སྟེ། ཡུན་རིང་རིང་ལུགས་དང་། གཞི་གཅིག་ཅན་གྱི་ཇུས་གཞི། ལག་རྩལ་འཚམ་སྒྲིག ཤེས་ལྡན་པ་གསོ་སྐྱོང་། བཙོངས་རྗེས་ཀྱི་ཞབས་ཞུ་བཅས་གཅིག་ཀྱང་མེད་དུ་མི་རུང་བ་ཞིག་རེད”ཅེས་ཡུས་ཐུང་ཚོགས་པ་མོ་ཞི་ཁོ་ཀུང་སིའི་འགན་འཁུར་བ་རེན་ཝུན་ཧུའེ་ཡིས་བརྗོད།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཏེ་ལས་རིགས་ཀྱི་མ་གནས་དམའ་རུ་དང་ལྗང་མདོག་གསར་གཏོད་བྱེད་མགྱོགས་སུ་བཏང་བ།
“ང་ཚོས་ཡུས་ཐུང་ཚོགས་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་དེ་བས་མང་བ་ཉོས་ནས་ད་ཡོད་ཀྱི་ལམ་ཐིག་རྒྱ་ཆེར་གཏོང་བ་དང་ལམ་ཐིག་གསར་པ་ཤར་གཏོང་ཐུབ་རྗེས་སྤྱོད་རྩིས་ཡོད”ཅེས་མོ་ཞི་ཁོ་གྲོང་ཁྱེར་གློག་སྒུལ་འགྲིམ་འགྲུལ་ཅུས་སྐྱེལ་འདྲེན་དོ་དམ་ཁྲུའུ་ཡི་ལས་རོགས་དབྱི་ལི་ཧྲ་པའེ·ཁེ་ལུའུ་སིས་གསར་འགོད་པར་བརྗོད། ཁོང་གིས། ཡུས་ཐུང་ཚོགས་པས་མོ་ཞི་ཁོ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཅུས་དང་མཉམ་ལས་བྱས་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་རྣམ་གྲངས་དེ་འགོ་བཙུགས་པ་ནས་ལོ་གཉིས་ལྷག་ཙམ་སོང་ཞིང་། རིམ་རྩིས་བརྒྱབ་ན་འགྲུལ་བཞུད་ལམ་ཐག་སྤྱི་ལེ་ཁྲི་1200ལྷག་ཙམ་ཟིན་པ་དང་། འབར་སྣུམ་ཧྲེང་ཁྲི་500ཙམ་གྲོན་ཆུང་ཐུབ་པ། ཐཱན་འབུད་ཚད་ཏུན་ཁྲི་1.2ཉུང་དུ་ཕྱིན་ཡོད། “མོ་ཞི་ཁོ་གྲོང་ཁྱེར་དུ་གཞུང་ལམ་འགག་པ་དང་སྦགས་བཙོག་ཚབས་ཆེ་ཙམ་ཡོད་པས། འབག་བཙོག་མེད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཁྱབ་གདལ་བཏང་བ་ལས་མཁའ་རླུང་གི་སྤུས་ཚད་ལེགས་སུ་དང་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད། འདི་ནི་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན”ཞེས་བརྗོད།
མོ་ཞི་ཁོ་གྲོང་ཁྱེར་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་པུའི་དེ་སྔའི་ཀྲུའུ་རེན་དབྱི་ཧྥུའུ་ལིན·ཧུའུ་ལི་ཨའེ་ཐཱ·ལུའོ་ཏེ་ལི་ཀེ་སི·ཨེར་ནན་ཏེ་སི་ཡིས་གསར་འགོད་པར། ཡུས་ཐུང་ཚོགས་པ་སོགས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཀྱིས་མོ་ཞི་ཁོ་ལ་བཀོད་སྒྲིག་ཧུར་ཐག་བྱས་ནས། ང་ཚོའི་སྤྱི་པའི་འགྲིམ་འགྲུལ་དེང་རབས་ཅན་དུ་འགྱུར་བར་གོ་སྐབས་སྦྱིན་པ་དང་རང་ཡུལ་གྱི་ཐོན་ལས་རིམ་སྤོར་ཡོང་བར་སྐུལ་ཁྲིད་བྱས་ཡོད། “ཀྲུང་གོའི་གློག་རྫས་དང་། གློག་འདེད་མ་ལག རིག་ནུས་ཚོད་འཛིན་སོགས་ཁྱབ་ཁོངས་ཀྱི་བྱང་ཆུབ་པའི་ལག་རྩལ་གྱིས་མོ་ཞི་ཁོ་ཡི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་ཀྱི་མ་གནས་དམའ་རུ་གཏོང་བ། ལྗང་མདོག་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་བཅས་ལ་རམ་འདེགས་བྱེད་བཞིན་ཡོད། མཉམ་ལས་དེ་རིགས་ཀྱིས་རང་ཡུལ་གྱི་ཚོང་དོན་དང་མ་འཇོག་འཕར་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ལས་ཞུགས་ཀྱང་བཏོད་ནས། ལྗང་མདོག་ཐོན་ལས་ཀྱིས་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་བཅས་ལ་ཕན་འདོགས་བཞིན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།