དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱང་ཐང་ཡངས་པོར་མཁའ་ལམ་ཤར་གཏོང་ཐུབ། འབྲོག་པའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་ནག་ཆུ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    འདི་ནི་བྱང་ཐང་གི་རླུང་གློག་འཕྲུལ་འཁོར་དང་གློག་དྲ་ཡིན་པ།

    འདི་ནི་མཚོ་བོད་ལྕགས་ལམ་གྱི་བྲག་སྨུག་འབབ་ཚུགས་ཡིན་པ།

    ནག་ལྷ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ནག་ཆུ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་བར་སྔོན་མ་རྒྱལ་ལམ་109ཐོག་ཆུ་ཚོད་6ལྷག་ཙམ་འགོར་གྱི་ཡོད་པ་དང་ད་ཆ་ཆུ་ཚོད་3ནང་ནག་ཆུར་འབྱོར་གྱི་ཡོད། གཞུང་ལམ་དེ་ཆ་སྙོམས་ས་བབ་སྨི་4500ཡན་གྱི་ཁུལ་དུ་བསྐྲུན་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཡིན་པ་རེད།

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་བཀོད་པ་ཡིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་ར་བ་ཤང་རྭ་རྭ་གྲོང་ཚོའི་50MWཡི་འབྲོག་ལས་དང་འོད་གློག་གསབ་རེས་ཀྱི་ནུས་གསོག་རྣམ་གྲངས་ཡིན་པ་དང་2023ལོའི་ཟླ་12པར་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་བྱང་ཐང་གི་ས་མཐོར་དུས་རབས་གསར་པའི་ཤར་རླུང་དལ་གྱིས་ལྡང་བ་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག “དཀའ་སྡུག་ལ་མི་སྐྲག་པ་དང་། གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པའི”སྙིང་རུས་ལ་བརྟེན་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་། ཆུ་བེད་སོགས་ཁྱབ་ཁོངས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་བརྒྱབ་པས་བྱང་ཐང་ས་གཞི་ཆེན་པོ་འདིའི་རྣམ་པ་རིམ་བཞིན་གསར་པར་འགྱུར་བཞིན་མཆིས།

    ད་ཆ“འཕྲེད་གསུམ་གཞུང་བཞི་དང་བགྲོད་ལམ་བཞིའི”རྒྱལ་ཁབ་དང་ཞིང་ཆེན་མ་ལམ་དྲ་བའི་རྣམ་པ་ཞིག་ཆགས་ནས་ནག་ཆུ་འདི་ཉིད་བོད་དང་མེས་རྒྱལ་གྱི་ས་གནས་ཁག་དང་སྦྲེལ་མཐུད་བྱེད་པའི་ལྟེ་བ་ཞིག་ཏུ་གྱུར་ཡོད། གློག་དྲ་གཙོ་བོ་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཚང་མར་ཁྱབ་པ་དང“གློག་ཤུགས་མཁའ་ལམ”གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་འོད་ཁྲ་ཆིལ་ལེར་འབར་ཡོད་ལ། 5Gབརྡ་རྟགས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་མ་ཟད། རི་མཐོའི་འབྲོག་རར་ཁྱབ་ནས་བོད་བྱང་ཐང་གི་འབྲོག་པས་ཀྱང“དྲ་གཅིག་ཀུན་ཁྱབ”སྤྱོད་བཞིན་ཡོད། དེས་མ་ཚད་ཆུ་བེད་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དྭངས་གཙང་གི་ཆུ་ཀ་ལ་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་ཁྲིད་ནས་མང་ཚོགས་ཚོས་འཐུང་ཆུ་གཙང་མ་འཐུང་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་ནག་ཆུ་གསར་པ་ཞིག་བྱང་རྩྭ་ཐང་དུ་འགྱིང་ངེར་གནས་ཡོད།

    འཕྲང་ལམ་བདེ་ལམ་དུ་གྱུར་པ།

    2021ལོའི་ཟླ་བརྒྱད་པར་G6པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ཅིང་། ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ”དེས་ལྷ་ས་ནས་ནག་ཆུ་བར་དེ་སྔ་ཆུ་ཚོད་6ལྷག་ཙམ་འགོར་བ་ནས་ད་ཆ་ཆུ་ཚོད་3ནང་ནག་ཆུར་འབྱོར་གྱི་ཡོད་པས། ནག་ཆུ་འདི་ཉིད་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”དུ་གྱུར་ཡོད།

    འདས་ཟིན་པར་ཕྱི་མིག་ལྟ་སྐབས། 2012ལོར་ནག་ཆུར་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1ལྷག་ཙམ་ལས་མེད་ཀྱང་རླངས་འཁོར་ཤར་གཏོང་ཐུབ་པའི་ཤང་དང་གྲོང་རྡལ་25ལས་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནག་ཆུའི་འགྲིམ་འགྲུལ་འཛུགས་སྐྲུན་ལ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་སླེབས་སྐབས། ནག་ཆུ་གྲོང་ཁྱེར་ལ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་36000ཙམ་ཟིན་ནས་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཚང་མར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། སྲིད་འཛིན་གྲོང་ཚོ་1000ལྷག་ཙམ་གྱི་འདམ་རྫབ་ཀྱིས་ཁེངས་པའི་ལམ་དང་གུ་དོག་པའི་ལམ་བུ་ལོ་རྒྱུས་སུ་གྱུར་ཡོད།

    ལམ་བུ་ཤར་གཏོང་ཐུབ་པས་ལས་རིགས་ཀུན་དར་ཞིང་རྒྱས། སྟབས་བདེ་བའི་འགྲིམ་འགྲུལ་ལ་བརྟེན་ནས་ནག་ཆུའི་སྐྱེ་ཁམས་ཡུལ་སྐོར་དང་འབྲོག་ལས་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་སྟོབས་ཆེར་སོང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་། སྲིད་ཇུས་བཟང་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱུར་པོ་འབྱུང་བཞིན་ཡོད།

    གློག་ལས་བྱུང་བའི་འཚོ་བ་གསར་པ།

    2019ལོའི་ཟླ་12ཚེས་24ཉིན་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ། ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་འདི་ཉིད་རྒྱལ་ཁབ་གློག་དྲ་གཙོ་བོ་ཁྱབ་པའི་ཁོངས་སུ་བཅུག་པ་དང་། 2019ལོའི་ཟླ་12ཚེས་30ཉིན་ཉི་མ་རྫོང་སྟེ“ཁུལ་གསུམ་དང་ཀྲོའུ་གཉིས”ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གློག་དྲ་འཛུགས་སྐྲུན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་137.68དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་110ཟིན་པ་དང་། 2025ལོར། ནག་ཆུར་ལོ་ཧྲིལ་པོར་གློག་དྲ་ནས་གློག་གཏོང་ཚད་དུས་མཚུངས་ལས་41.94%འཕར་ནས“ནག་ཆུའི་གློག་ཕྱིར་གཏོང”ཐེངས་དང་པོ་ཐུབ་སྟེ། གློག་ནང་དུ་འདྲེན་པ་ལས་ཕྱིར་གཏོང་མི་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།

    གློག་ཡོད་པ་མ་ཚད་གློག་དེ་བས་ཡག་པོ་སྤྱད་པ། ད་ཆ་ནག་ཆུའི་འབྲོག་པ་སྔར་ལས་མང་བས་འཁྱགས་སྒམ་དང་གོས་འཁྲུའི་འཕྲུལ་ཆས་སོགས་ཀྱི་གློག་ཆས་སྤྱད་ནས་སྔོན་མ་སྣུམ་བཞུ་དང་ལྕི་བར་བརྟེན་ནས་དྲོད་ལེན་དང་མུན་པ་སེལ་ཐབས་ཀྱི་འཚོ་བ་མཇུག་འགྲིལ་ཏེ་འཚོ་བར་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    རླུང་ཤུགས་དང་། འོད་ཤུགས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་བྱང་ཐང་དུ་རྒྱུན་ཆད་མེད་པར་སྤྱོད་ཐུབ་པ་ལས་ས་མཐོའི་སྐྱེ་ཁམས་ཀྱི་རྨང་གཞི་བསྲུངས་བ་མ་ཟད། ནུས་རྒྱུ་གཙང་མས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ནས་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཏེ། བོད་བྱང་ཐང་གི་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་བཞིན་ཡོད།

    འཐུང་ཆུ་གཙང་མ་གང་སར་ཁྲིད་པ།

    ས་བབ་སྨི་4860ཟིན་པའི་ཤན་རྩ་རྫོང་འཁྱག་ཤང་དེ་ལྷེམ་གྲོང་ཚོར་སྐྱོད་སྐབས། ཡུལ་མི་ཚོས་རང་ཁྱིམ་གྱི་ཀ་ལའི་གཅུས་སྒོ་ཕྱེ་མ་ཐག་ཆུ་ཤག་ཤག་ཏུ་དོན་གྱི་ཡོད། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་དེ་ལྷེམ་གྲོང་ཚོའི་དུད་ཚང་55ཚང་མར་ཆུ་ཀ་ལ་ཁྲིད་པས་དབྱར་དགུན་གཉིས་ལ་ཆུ་ལེན་པར་འགྲོ་དགོས་པའི་འཚོ་བ་མཇུག་འགྲིལ་བ་རེད།

    ལྷ་རི་རྫོང་ལ་ཆ་མཚོན་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.03བཏང་ནས་ཆུ་འགོ་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སོགས་གཙོ་གནད་ལས་གྲྭ་བསྐྲུན་ཏེ་ཤང་དང་གྲོང་རྡལ་10དང་། གྲོང་ཚོ(སྡེ་ཁུལ)124 རང་བྱུང་གྲོང་ཚོ་327བཅས་ཀྱི་ས་ཁོངས་ཧྲིལ་པོར་འཐུང་ཆུ་གཙང་མ་ཤར་གཏོང་ཐུབ་པ་དང་འབྲོག་ལས་ལ་སྤྱོད་པའི་ཆུ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པར་བྱས་ཡོད།

    འདས་ཟིན་པར་ཕྱི་མིག་བལྟས་ཚེ། ནག་ཆུའི་རྨང་གཞིའི་སྒྲིག་བཀོད་ཐད“ཡོད་མེད་གཉིས”ནས“ཡག་པོ་ཡོད་མེད”བར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ཡོད། སྟབས་བདེ་བའི་འགྲིམ་འགྲུལ་དང་། གློག་ལས་འཕྲོས་པའི་འོད་སྣང་། འཕྲིན་གཏོང་གི་བརྡ་རྟགས། ཆུ་བེད་ཀྱི་ཕན་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲ་བ་ཆེན་པོ་ཞིག་བསྐྲུན་ནས་འབྲོག་ཁུལ་དུ་འཚོ་བའི་འབྲོག་པ་ཚོར་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་ནས་དཔའ་ངར་ཆེར་སྐྱེད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཀྱི་རྒྱང་ལམ་གསར་པར་སྐྱོད་པའི་དུས་འདིར་ནག་ཆུས་དེ་བས་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་རྒྱང་ལམ་ལ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།