སྲིད་ཇུས་བཟང་པོས་མཐུན་རྐྱེན་སྦྱར། ཐག་རིང་ཡུལ་དུ་ཁྱིམ་གཞིས་ཆགས།
ཚེ་རིང་ཆོས་འཛོམས་དང་བསྟན་འཛིན་ནོར་བུའི་བདེ་སྐྱིད་འཚོ་བའི་སྐོར་བཀོད་པ།

འདི་ནི་ཧོང་ཧྲི་གྲོང་ཁྱེར་དུ་གཉེར་བའི་ཚེ་རིང་ཆོས་འཛོམས་དང་བསྟན་འཛིན་ནོར་བུའི་གཉེན་སྟོན་བྱ་ཡུལ་ཡིན་པ།(པར་འདི་ནི་བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས)
ཟླ་4ཚེས་25ཉིན། བོད་ལྗོངས་ལྷོ་ཁ་ཆུ་གསུམ་རྫོང་ནས་ཡིན་པའི་ཚེ་རིང་ཆོས་འཛོམས་དང་བསྟན་འཛིན་ནོར་བུ་གཉིས་ཕ་ཡུལ་གཉིས་པ་ཧོང་ཧྲི་གྲོང་ཁྱེར་དུ་འཇིག་རྟེན་མཐུན་འཇུག་གི་ལམ་དུ་ཆས་ཤིང་། ལེ་དབར་ཁྲི་སྟོང་མང་པོ་བརྒལ་བའི་ལས་འབྲེལ་ཟབ་མོ་དེ་ནི་ལས་ཞུགས་ཀྱི་བོད་སྐྱོར་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། གཞོན་ནུ་གཉིས་ཀྱིས་གཞན་ཡུལ་དུ་ཕུགས་འདུན་དོན་དུ་གཉེར་རིང་འཚར་ལོངས་བྱུང་བར་དཔང་པོ་བྱས་པ་ཞིག་ཀྱང་རེད།
གཏམ་རྒྱུད་འདི་ནི་2020ལོ་ནས་འགོ་ཚུགས་ཤིང་། ལོ་དེར་ཧོང་ཧྲི་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”ཁྲོམ་རར་འགྱུར་བའི་ལྗོངས་ཕྱིའི་ལས་ཞུགས་བོད་སྐྱོར་བྱེད་འགོ་བརྩམས། 2021ལོར་སློབ་ཆེན་ཐོན་མ་ཐག་པའི་ཚེ་རིང་ཆོས་འཛོམས་ཀྱིས་ལས་ཀར་སེམས་ཁྲལ་བྱེད་པའི་སྐབས་སུ་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་ཀྱི་ཆ་འཕྲིན་ཞིག་ལ་དོ་སྣང་བྱུང་། དེས་ན། འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཞིབ་ཕྲ་དང་ནང་མི་དང་གྲོས་བསྡུར་བྱས་རྗེས་ཁོ་མོས་རང་འགུལ་ངང་མིང་ཐོ་བཀོད། དེ་ནས་ཆུ་གསུམ་རྫོང་དང་ཁ་གཏད་བོད་སྐྱོར་ཚན་པའི་སྒྲིག་འཛུགས་འོག་ཧོང་ཧྲི་རུ་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། མཐར་ཅིང་ཕའེ་ཀུང་སིར་ལས་ཞུགས་བྱས་པ་དང་། གཞན་ཡུལ་ནས་ཁོ་མོར་མི་ཚེའི་ལམ་བུའི་ཐོག་གི་བརྟན་འཇགས་ཀྱི་ལས་ཀ་དང་པོ་དེ་རྙེད།
ལོ་གཉིས་སོང་རྗེས། བསྟན་འཛིན་ནོར་བུ་ཡང་སྲིད་ཇུས་ཀྱི་ཐབས་ལམ་གཅིག་མཚུངས་བརྒྱུད་ནས་ཧོང་ཧྲི་རུ་ཡོང་། དེས་ན། ངོ་གཏན་ནས་མི་ཤེས་པའི་བོད་རིགས་གཞོན་ནུ་གཉིས་མྱོང་བརྒྱུད་འདྲ་བའི་དབང་གིས་ཕན་ཚུན་ངོ་ཤེས་པ་མ་ཟད་རིམ་གྱིས་བརྩེ་དུང་གི་མྱུ་གུ་འབུས་ཡོད། དེ་ཡང་ཉིན་མཚན་ཀུན་ཏུ་མཉམ་དུ་འགྲོགས་ཐུབ་ཆེད། ས་གནས་དེ་གའི་མི་སྤྱི་ཅུས་ཀྱིས་མཐུན་སྦྱོར་རོགས་རམ་འོག་བསྟན་འཛིན་ནོར་བུ་ཅིང་ཕའེ་ཀུང་སིར་ལས་སྒྱུར་ཐུབ་ཅིང་། (ཚེ་རིང་ཆོས་འཛོམས་གནས་སའི་ཅིང་ཕའེ་ཀུང་སིར་གླ་ཕོགས་མཐོ་བ་ཡོད) དུས་དེ་ནས་བཟུང་རང་ཉིད་ཀྱི་དགའ་བའི་མི་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་བྱེད་རྒྱུ་བྱུང་ཡོད།
ལས་ཞུགས་ཐུབ་པའི་བདེ་སྐྱིད་ནི་ཁོ་གཉིས་ཙམ་མ་ཟད་ཐག་རིང་གི་གཉེན་ཉེར་ཡང་བྱུང་ཡོད། དེ་ཡང་ཚེ་རིང་ཆོས་འཛོམས་ཀྱིས་རང་གི་གླ་ཕོགས་དང་ལས་ཞུགས་བོད་སྐྱོར་སྲིད་ཇུས་ཀྱི་ཁ་གསབ་སྤྱད་དེ་ཕ་ཡུལ་གྱི་ཁང་པ་རྙིང་པ་དེའི་ཕྱི་ནང་ཀུན་དུ་མཛེས་བཟོ་བྱས་ཡོད།
དེ་སྔ་ཚེ་རིང་ཆོས་འཛོམས་ལ་གན་རྒྱའི་དུས་ཚོད་ཐིམ་རྗེས་སླར་ཡང་འབྱུང་འགྱུར་ལ་འཆར་གཞི་གསར་པ་ཞིག་འགོད་རྩིས་ཡོད་མོད། འོན་ཀྱང་ད་ཆ་ཁོ་མོར་བཟའ་ཟླ་ཡོད་པ་མ་ཟད་བརྟན་འཇགས་ཀྱི་ལས་ཀ་ཡོད་པས། དེར་བསྡད་ནས་ལས་ཀ་ཡག་པོ་ཞིག་བྱེད་པ་ནི་ཁོ་གཉིས་ཀྱི་ཐུན་མོང་གི་བསམ་འདུན་དུ་གྱུར་ཡོད།
ལོ་འདི་དག་རིང་། ཆུ་གསུམ་རྫོང་དང་ཁ་གཏད་བོད་སྐྱོར་ཚན་པའི་སྒྲིག་འཛུགས་འོག་ཕྱོགས་གཉིས་པོའི་ཕ་མ་ཆེད་མངགས་བོད་ནས་ཧོང་ཧྲིར་གཉེན་འཕྲད་དུ་ཡོང་བས་ཁོ་གཉིས་ལ་དྲོ་སྐྱིད་དཔག་ཏུ་མེད་པ་སྦྱིན་ཡོད། རང་ཉིད་ཀྱི་ཕྲུ་གུས་གཙང་ལ་གྲལ་འགྲིག་པའི་ཁོར་ཡུག་ཏུ་ལས་ཀ་བྱེད་པ་དང་བློ་བདེ་བག་ཕེབས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད་པ་དངོས་སུ་མཐོང་རྗེས། “མུ་མཐུད་ལས་ཀ་ཡག་པོ་གྱིས་ཤིག ནང་ལ་སེམས་ཁྲལ་གཏན་ནས་བྱེད་མི་དགོས”ཞེས་ནང་མི་ཚོས་སེམས་ཁྲལ་ཡེ་ནས་མེད་པའི་སྒོ་ནས་མངགས་བྱ་བྱ་རྒྱུ་ལས་མ་འདས། བབ་ཆགས་པའི་སྐད་ཆ་འདི་ནི་ནང་མིས་ཁོང་གཉིས་ཀྱི་ལས་ཀ་ཡག་པོ་ཡོད་པར་ཁས་བླངས་པ་ཞིག་རེད་ལ། ལས་ཞུགས་བོད་སྐྱོར་སྲིད་ཇུས་ཡག་པོ་ཡོད་པར་དེ་བས་ཀྱང་ཁས་བླངས་པ་ཞིག་རེད།
2020ལོར་ཧོང་ཧྲི་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”ཁྲོམ་རར་འགྱུར་བའི་ལྗོངས་ཕྱིའི་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་ཚུན། མིག་སྔའི་བར། ཐེམ་ཁུངས་བོད་ནས་ཡིན་པའི་ལས་བཟོ་201ཧོང་ཧྲི་རུ་གཞིས་ཆགས་ཡོད་པ་དང་། མི་མི་ཉུང་བ་ཞིག་གིས་དེ་ནས་ཁང་པ་དང་མོ་ཊ་ཉོས་ནས“ཧོང་ཧྲི་བ་གསར་པ”ཞིག་ཏུ་གྱུར་ཡོད།
ཆུ་གསུམ་ནས་ཧོང་ཧྲིའི་བར་ཚེ་རིང་ཆོས་འཛོམས་དང་བསྟན་འཛིན་ནོར་བུ་གཉིས་གཞན་ཡུལ་དུ་ཕན་ཚུན་ཁ་ཐུག་ནས་དགའ་རོགས་སུ་གྱུར་བ་མ་ཟད། གཞན་ཡུལ་རང་ཡུལ་ལ་བརྩིས་ནས་རང་འཁྲིའི་ལས་ལ་སྔར་བས་གཞོལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།