ས་མཐོའི་སྤུས་ལེགས་ཚོང་ཟོག་གོ་ལ་ཧྲིལ་པོའི་ཚོང་འགྲུལ་དང་འབྲེལ་མཐུད་ཐུབ་པ།
རང་ལྗོངས་ཀྱི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ཀྱི་ལྗང་མདོག་ཞིང་ལས་འཁོར་འབྲེལ་གྱི་འགྲེམས་ཁུལ་དུ་ཞུགས་པ།
ཟླ་6ཚེས་22ནས་26ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པ་པེ་ཅིང་དུ་གཉེར་བ་རེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ས་གནས་དེ་གའི་སྤུས་ལེགས་ཁེ་ལས་13གྱི་སྣེ་ཁྲིད་དེ་ལྗང་མདོག་ཞིང་ལས་འཁོར་འབྲེལ་འགྲེམས་ཁུལ་དུ་ཞུགས་པ་རེད། འབྱུང་རྩ་ནས་འདེབས་འཛུགས་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ནས་མཐའ་སྣེའི་བྲིན་ཚོང་དང་འཁོར་འབྲེལ་མཉམ་འགུལ་བར“ཆུང་ལ་ལེགས་པའི”བོད་ཀྱི་ཁེ་ལས་དེ་དག་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་ཏུ་གནས་པ་དང་། རང་ངོས་ཀྱི་འཚོལ་ཞིབ་དང་བསམ་གཞིག་ཁྱེར་ནས་པེ་ཅིང་དུ་འགྲེམས་ཚོགས་ལ་ཞུགས་ཏེ་འཁོར་འབྲེལ་ལ་བརྟེན་ནས་གྲོགས་པོ་སྒྲིག་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་འཁོར་འབྲེལ་ཧྲིལ་པོའི་ཐོན་ལས་ཀྱི་ལེགས་ཆས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་འགྲུལ་པ་དང་ངོ་འཕྲད་གྲོས་མོལ་བྱེད་པའི་ཡིད་དབང་བཀུག་ཡོད། “འཛམ་གླིང་དང་སྦྲེལ་མཐུད་བྱས་ནས་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་ནི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ། བོད་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱི་ཐུན་མོང་བསམ་འདུན་ཡང་རེད།
འགྲེམས་ཚོགས་འགོ་ཚུགས་པའི་ཉིན་དང་པོར་བོད་ལྗོངས་འགྲེམས་ཁང་དུ་སྔ་ས་ནས་ཚོང་འགྲུལ་པས་ཁེངས། ད་ཐེངས་བོད་ལྗོངས་འགྲེམས་ཁང་གིས་ཚོས་གཞི་སྔོ་ནག་དང་དཀར་པོ་གཞི་གདན་དུ་བྱས་པ་དང་། ཐོག་ངོས་སུ“བོད་ལྗོངས”ཞེས་ཚོས་གཞི་སེར་པོས་བྲིས་པའི་ཡི་གེ་མངོན་གསལ་ལྷག་པར་དོད་པ་དང་། དེའི་གཞོགས་སུ་ནས་འདེབས་འཛུགས་ཀྱི་ཐོན་ལས་འཁོར་འབྲེལ་ཞེས་བྲིས་ཡོད། བརྙན་ཤེལ་ཆེན་པོ་ནས་ས་མཐོའི་ཐོན་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་བསྟན་པ་དང་སྔོ་ལྗང་རྩི་ཤིང་གིས་འགྲེམས་ཁང་ལེགས་པར་བརྒྱན་པས་གངས་ལྗོངས་ཀྱི་ཁྱད་ཆོས་ཟབ་མོ་ངང་གིས་མངོན།
ས་གནས་ས་ཐོག་ཏུ་ཚོང་འགྲུལ་པས་འགྲེམས་རྫས་ལ་ལྟ་བ་དང་གྲོས་བསྡུར་བྱེད་པའི་རྣམ་པས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད།
ཧོ་པེའི་ཚོང་འགྲུལ་པ་ཞིག་གིས་གྲོ་ཆག་གི་ཕྱི་ཐུམ་ཞིག་གི་སྡེབ་སྦྱོར་རེའུ་མིག་ལ་ཞིབ་ཕྲ་ལྟ་བཞིན་ཡོད། “འདི་ནི་ང་ཚོས་བཏོན་མ་ཐག་པའི་ཐོན་རྫས་གསར་པ་ཞིག་ཡིན་པས་ཁྱེད་རང་གིས་བྲོ་བ་གཟིགས་དང་། ཐད་གཏོང་ཐེངས་གཅིག་ལ་མངགས་ཐོ་ཁྲི་གཉིས་ལྷག་ཙམ་ཟིན་གྱི་འདུག”ཅེས་བོད་ལྗོངས་ཆེས་བྲིན་ནས་འབྲུ་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིའི་ཕྱིར་ཚོང་ཅིང་ལི་ལིན་མེ་ཡིས་ཚོང་འགྲུལ་པར་སེམས་རྩ་འཁོལ་པོས་ངོ་སྤྲོད་བྱས།
“ད་ཆ་གཞོན་ནུ་མང་པོ་ཞིག་གིས་རང་བྱུང་དང་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་པ་མ་ཟད། ལམ་སེང་ཟ་རྒྱུ་ཡོད་པའི་ཟས་རིགས་དག་ལ་དགའ་པོ་བྱེད་ཀྱི་ཡོད། ལུས་ཚིལ་སྦྱག་དུས་བཟས་ན་འཚམ་པོ་འདུག”ཅེས་འགྲེམས་ཚོགས་ལ་ལྟ་སྐོར་བྱེད་མཁན་པེ་ཅིང་གྲོང་ཁྱེར་གྱི་ཨ་ཅག་ལི་ལགས་ཀྱིས་བཤད།
ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཆེད་དོན་མཛུབ་ཁྲིད་ཡིག་ཆ་བཏོན་ཏེ་ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་བཀོད་སྒྲིག་བྱས་ཁར། ལོ་ལྟར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་3སྤྱི་འདོམས་བྱས་ནས་སོན་བཟང་དང་། ཞིང་འཕྲུལ། རྫས་ལུད་སོགས་ཀུན་ཕན་ཞིང་ཕན་ཁ་གསབ་དོན་འཁྱོལ་བྱེད་ཀྱི་ཡོད། རིམ་བཞིའི་མཉམ་འགུལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་454.62བསྐྲུན་ནས་ནས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་འདེབས་འཛུགས་རྨང་གཞི་མུ་མཐུད་བརྟན་དུ་བཏང་ཡོད།
འགན་ལེན་ཏན་ཏིག་རབ་དང་རིམ་པ་བྱས་པ་བརྒྱུད་ཐོན་འབབ་དངོས་དངོས་རྗེན་རྗེན་གྱིས་ཡག་པོ་བྱུང་ཞིང་། 2025ལོར་ལྗོངས་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་233.4ཟིན་ནས་སྤྱིའི་ཐོན་ཚད་ཏུན་ཁྲི་90.53ཟིན་པ་དང་ཐོན་འབབ་ཏུན་ཁྲི་90ལས་ཐོག་མར་བརྒལ་ཡོད། མིག་སྔར་ལྗོངས་ཡོངས་སུ་ནས་ལས་སྣོན་ཁེ་ལས་38ཡོད་པ་དང་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱེད་པ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་བར་ཆ་ཚང་བའི་ཐོན་ལས་ཁོར་ཡུག་ཅིག་ཆགས་ཡོད།
ནས་ལས་སྣོན་ཐོན་རྫས་ཀྱིས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ལ་བརྟེན་པ་དང་། དྲ་ཐོག་ཚོང་ཁང་རྒྱལ་ནང་གི་ཁྲོམ་རར་ཁྱབ་པ། འགག་སྒྲོལ་ཐབས་ལམ་ལ་བརྟེན་ནས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་བརྟན་པོ་གཏོང་བ་སོགས་བྱས་པས། སོན་གསོ་དང་། འདེབས་འཛུགས། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྤྱིར་ན་བསྐྲུན་ཟིན་པ་དང་། ནས་ཀྱང་ས་མཐོའི་སྲོལ་རྒྱུན་ལོ་ཏོག་ནས་ས་མཐོའི་འཐབ་ཇུས་རང་བཞིན་གྱི་ཁྱད་ལྡན་ཐོན་ལས་སུ་རིམ་སྤོར་ཐུབ་ཡོད།
“བོད་ཀྱི་ཆུ་བཟང”འགྲེམས་ཁུལ་དུ། 5100བོད་ལྗོངས་འཁྱགས་རོམ་གཏེར་ཆུ་དང་5100བོད་ལྗོངས་ནས་ཀྱི་ཉིང་ཁུ་དུས་གཅིག་ཏུ་འགྲེམས་སྟོན་བྱས་པ་རེད། “ང་ཚོས་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་དང་རང་བྱུང་ཆུ་འགོ་ནས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་ལས་ཧྲིལ་པོའི་རིན་ཐང་མངོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཁྲེན་མེ་ཏུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཁེ་ལས་ཀྱིས་འཕེལ་རྒྱས་ཁྲོད་ཞིང་འབྲེལ་ཞིང་ཁྲིད་མཐའ་འཁྱོངས་ཀྱིས་ལོ་15ཡི་རིང་རིམ་རྩིས་བརྒྱབ་ན་ནས་ཏུན་ཁྲི་ཙམ་ཉོ་སྒྲུབ་བྱས་ཡོད། ང་ཚོས་གོང་འོག་མཉམ་འགུལ་བརྒྱུད་སྐྱེལ་འདྲེན་དང་། ཞབས་ཞུ། ལེ་ལག་ཆ་ཚང་བའི་མཁོ་སྤྲོད་སོགས་ཀྱི་འབྲེལ་ཡོད་ལྷུ་ཚིགས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ཐོན་ལས་འཁོར་འབྲེལ་ལ་ཞུགས་ཐུབ་པ་བྱས་ཡོད། ད་ཐེངས་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ལ་ཞུགས་ཏེ་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཨེ་ཤེ་ཡ་ཤར་ལྷོའི་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
འཁོར་འབྲེལ་འབྲེལ་ཐག་སུ་བྱས་ཏེ་འཛམ་གླིང་ཕྱོགས་སུ་སྐྱོད། བོད་ཀྱི་ཁྱད་ལྡན་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་དང་ལེགས་སུ་འགྲོ་བ་དང་བསྟུན་ནས། ས་མཐོའི་ཁེ་ལས་དེ་བས་མང་བས་ཐོན་ལས་གོང་འོག་སྦྲེལ་མཐུད་དང་རོགས་ཟླ་གསར་པ་བསྒྲིགས་ཏེ། ས་མཐོའི་སྤུས་ལེགས་ཚོང་ཟོག་ཕྱིར་ཁྱབ་གདལ་བཏང་སྟེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་མ་ལག་དང་མཉམ་འདྲེས་ཀྱིས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།