སྦྲ་གུར་ནང་གི“དམིགས་བསལ་བུ་རྫི”
ནག་ཆུའི་དབྱར་རྩྭ་དགུན་འབུ་ནི་བོད་བྱང་ཐང་གི་ས་མཐོར་ཡོད་པའི་དམིགས་བསལ་གྱི་ཐོན་རྫས་རྩ་ཆེན་ཞིག་རེད་ལ། དུད་ཚང་ཁྲི་སྟོང་མང་པོར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཤིག་ཀྱང་རེད། ལོ་རེའི་དབྱར་གཞུང་དུ་ས་བབ་སྨི་4000ལྷག་ཙམ་ཟིན་པའི་མཐོ་གྲང་གི་སྤང་ཐང་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཤར་ཞིང་། ཞིང་འབྲོག་མང་ཚོགས་མང་པོས་ལོ་གཅིག་ནང་གི་འབབ་འཕར་གྱི་གོ་སྐབས་ཡག་ཤོས་དེ་དམ་འཛིན་ཡག་པོ་བྱས་ནས་དབྱར་རྩྭ་དགུན་འབུ་རྐོ་བར་འགྲོ་ཡི་ཡོད།
མི་རྒན་ཚང་མ་དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་ན་ཕྲུ་གུར་སུས་ལྟ་རྟོག་བྱེད་དམ།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཆགས་རྩེ་ཤང་དུ་བཅའ་སྡོད་ལས་བྱེད་པ་དང་ཏང་ཡོན་མི་དམངས་ཉེན་རྟོག་པ་ལས་གྲུབ་པའི“དམིགས་བསལ་བུ་རྫི”ཞེས་པའི་དང་བླངས་ཞབས་ཞུ་རུ་ཁག་ཅིག་ཡོད་ཅིང་། དེས་སྦྲ་གུར་གཡུལ་སར་བྱས་ཏེ་ཕྲུ་གུར་ལྟ་རྟོག་གང་ཐུབ་བྱས་ནས་དམངས་འཚོའི་རྒྱུགས་ལན་ཕུལ་བྱུང་ཞིག་བཏབ་པ་སྟེ། མང་ཚོགས་དབྱར་རྩྭ་དགུན་འབུ་རྐོ་བར་བློ་བདེ་པོས་འགྲོ་རྒྱུ་ཡོང་བ་དང་ཀྲི་པུས་སེམས་རྩ་འཁོལ་པོས་རྒན་རྒོན་དང་བྱིས་པར་ལྟ་རྟོག་ཡག་པོ་བྱས་པ་དེ་རེད།
“དེ་སྔོན་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པ་དེ་སེམས་ཁྲལ་ཆེ་ཤོས་རེད་འདུག ཕྲུ་གུ་དབྱར་རྩྭ་དགུན་འབུ་རྐོ་བར་འཁྲིད་ན་བློ་བདེ་པོ་མི་འདུག་ལ་སྟབས་ཀྱང་བདེ་པོ་མི་འདུག”ཅེས་པ་དེ་ནི་སྔོན་མ་མང་ཚོགས་མི་ཉུང་བའི་བསམ་ཚུལ་རེད། ད་ཆ“དམིགས་བསལ་བུ་རྫི”ཞེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས“སེམས་ཁྲལ”དེ་རྦད་དེ་སེལ་བཞིན་ཡོད།
“དམིགས་བསལ་བུ་རྫི”ཡིས་ཕྲུ་གུར་ལྟ་རྟོག་བྱེད་པ་གཅིག་པུ་མིན། ཉེ་བའི་ལོ་ཤས་རིང་། ཆགས་རྩེ་ཤང་གིས་དང་བླངས་ཞབས་ཞུའི་ལས་དོན་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “ཞིབ་ཕྲ་ཅན་གྱི་བཅོལ་ཉར་དང་། རྒྱུན་རྣམ་ཅན་གྱི་བདེ་འཇགས་སློབ་གསོ། སྣ་མང་ཅན་གྱི་ལྟ་སྐྱོང་། དམིགས་སའི་རང་བཞིན་གྱི་དམངས་འཚོ་རོགས་སྐྱོར”བཅས་ཕྱོགས་བཞི་གཞི་གཅིག་གི་ཞབས་འདེགས་ཞུ་སྟངས་ཤིག་རིམ་བཞིན་བཏོད་ཅིང་། མང་ཚོགས་ལ་དགོས་མཁོ་བྱུང་ན་དེ་གར་ཞབས་འདེགས་ཞུ་བ་དང་གནད་དོན་གང་དུ་ཐོན་ཚེ་དེ་གར་ཐག་གཅོད་བྱེད་པར་སྐྱོད་ཀྱི་ཡོད།
ད་ཆ། ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་ཁག་ཏུ་ལས་དོན་མི་སྣ་དང་ཉེན་རྟོག་པ་ཆིག་སྟོང་ལྷག་ཙམ་གྱིས་གཞི་རིམ་དང་རི་ཁུལ་དུ་བཅའ་སྡོད་བྱས་ཏེ། ཁྱད་ཆོས་སྣ་ཚོགས་ལྡན་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ཞབས་འདེགས་ཞུ་བཞིན་ཡོད། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ནས་སེམས་རྩ་འཁོལ་བའི་འོས་འགན་སྨན་བཅོས་བར་དང་། “མྱུར་སྐྱེལ་ཕོ་གསར”ནས“དམིགས་བསལ་བུ་རྫི”བར་དུ་བཅའ་སྡོད་ལས་བྱེད་པས་ཐབས་མང་མཉམ་སྤྱོད་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ལ་སྲུང་སྐྱོང་བྱས་ཤིང་། དབྱར་རྩྭ་དགུན་འབུ་རྐོ་ཡུལ་གྱི“སེམས་སྦྲེལ་ཟམ་པ”དེ་དག་བརྒྱུད་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།