ས་བབ་སྨི་4750ཡི་ཁུལ་དུ“མཁའ་ལམ”བརྟན་སྲུང་བྱེད་པ།
འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་འདི་འཁྱགས་སའི་ཐོག་བཟོས་ཡོད་པ་ནི་བ་ཡན་མདུང་རྩེར་མ་བསླེབས་ན་དངོས་འབྲེལ་ཡིད་ཆེས་དཀའ་བ་ཞིག་རེད།
ས་བབ་སྨི་4750ཟིན་པའི་མཚོ་བོད་ལྕགས་ལམ་བ་ཡན་མདུང་རྩེའི་དུམ་བུའི་ཚོད་ལྟའི་ལམ་གཞིར་གྲང་རླུང་འུར་འུར་ལྡང་བས། མི་རྣམས་ཐག་རིང་པོར་མ་སྐྱོད་ནའང་བྲང་ཁ་བསྡམས་ནས་དབུགས་ཧལ་གྱི་ཡོད། ཡིན་ན་ཡང་བ་ཡན་མདུང་རྩེ་འཁྱགས་ས་ལྟ་དཔྱད་ཚད་ལེན་ས་ཚིགས་ཀྱི་ཚན་ཞིབ་མི་སྣ་ཚོ་ཉིན་ལྟར་ལམ་དེར་སྐྱོད་དགོས།
ད་ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་ཤར་གཏོང་གཉེར་སྐྱོང་བྱས་ནས་ལོ་ངོ་20འཁོར་གྱི་ཡོད། ལོ་20ཡི་རིང་། མེ་འཁོར་ཐེངས་གྲངས་མང་པོ་བདེ་འཇགས་ངང་བ་ཡན་མདུང་རྩེ་ནས་སྒྲོལ་ཡོད། ལྕགས་ལམ་དང་བར་ཐག་སྨི་200ཙམ་ལས་མེད་པའི་ལྟ་དཔྱད་ཚད་ལེན་ས་ཚིགས་ཀྱིས་ཀྱང“ལྕགས་དང་ངར་ལྕགས་ཀྱི་མཁའ་ལམ”དེ་ཁུ་སིམ་མེར་བརྟན་སྲུང་བྱེད་ཀྱི་ཡོད།
ཉིན་ལྟར་ཞོགས་པ་ནམ་ལངས་མ་ཐག བ་ཡན་མདུང་རྩེར་གྲང་རླུང་ཤུགས་ཆེན་ལྡང་ཡང་ལྟ་དཔྱད་ཚད་ལེན་ས་ཚིགས་ཀྱི་ལག་རྩལ་པ་ཝང་ཅིང་རུང་དང་། ཝང་ཀྲན་ཝུའུ། དབྱང་པིན་བཅས་ཀྱིས་གྲང་འགོག་གྱོན་ཆས་གྱོན་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་རྩོམ་གྱི་ཡོད།
ཁོང་ཚོས་ལོ་ཟླ་མང་པོར་ཉི་ནུས་ཚ་རྒྱུག་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་དང་། ས་དྲོད་དང་གནམ་གཤིས་ལྟ་དཔྱད་ཚད་ལེན་གྱི་སྒྲིག་ཆས་བརྟན་པོ་ཡོད་མེད་ལ་ཞིབ་བཤེར། ལམ་གཞིའི་ངོས་ལ་འགྱུར་ལྡོག་གསར་པ་ཡོད་མེད་གྲལ་བཤེར་སོགས་ཀྱི་ལས་ཀ་ཉིན་རེ་རེ་བཞིན་བསྐྱར་ཟློས་བྱས་ནས་འཁྱགས་ས་ལྟ་དཔྱད་ཚད་ལེན་གྱི་རྨང་གཞི་བརྟན་དུ་གཏོང་གི་ཡོད།
“གྲང་རླུང་ལྡང་པའམ་ཡང་ན་གངས་ཆེན་པོ་འབབ་པ་སོགས་གནམ་གཤིས་ངན་པ་གང་འདྲ་བསྟན་ཡང་ཉིན་རེའི་ལྟ་དཔྱད་ཚད་ལེན་གྱི་ལས་ཀ་མཚམས་འཇོག་མི་ཉན” གྲངས་གཞི་དེ་དག་ནི་འཁྱགས་སའི་འགྱུར་ལྡོག་ངོ་མ་ཡིན་པས་ཉིན་གཅིག་ལ་ལྟ་དཔྱད་ཚད་ལེན་མ་བྱས་ན་དཔྱད་གཞི་ཁུངས་བཙན་གཅིག་ཉུང་དུ་ཕྱིན་པ་རེད་ཅེས་ཝང་ཅིང་རུང་གིས་བཤད།
བ་ཡན་མདུང་རྩེར་ལྕགས་གཏེར་ཕུན་སུམ་ཚོགས་པོ་ཡོད་པས། ཐག་རིང་ནས་ལྟ་སྐབས་དམར་ལམ་ལམ་ཡོད་པ་དང་། དེའི་ཁར་ལོ་འཁོར་མོ་གྲང་རླུང་ཤུགས་ཆེན་ལྡང་གི་ཡོད་པས་མིང་དེ་ལྟར་ཐོགས། དེ་གར་ལོ་མང་རིང་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལས་མེད། དྲོད་ཚད་དམའ་ཤོས་སྐབས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་གྱི་ཡོད། མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་བདེ་ཐང་ས་ཁུལ་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད་པས། ལམ་དུམ་དེ་ནི་ས་མཐོའི་ལོ་མང་འཁྱགས་ས་བརྒལ་བའི་མཚོ་བོད་ལྕགས་ལམ་གྱི་དཔེ་མཚོན་ལྡན་ཤོས་དང་ཚོར་སྣང་སྐྱེན་ཤོས་ཀྱི་ཁུལ་དུམ་ཞིག་རེད། དེར་བརྟེན། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་། ལོ་མང་འཁྱགས་ས། སྐྱེ་ཁམས་ཉམས་ཞན་བཅས་ཀྱི་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་ཆེན་པོ་གསུམ་ཚང་མ་དེ་གར་འདུས་ཡོད།
1961ལོར། ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་ནུབ་བྱང་ཁང་གི་ཚན་ཞིབ་མི་སྣ་རྒན་གྲས་བ་ཡན་མདུང་རྩེར་བསྐྱོད་དེ། རང་རྒྱལ་གྱི་ལོ་ཧྲིལ་པོར་ལས་རེས་བྱེད་མཁན་ཡོད་པའི་ས་མཐོའི་ལོ་མང་འཁྱགས་ས་ལྟ་དཔྱད་ཚད་ལེན་ས་ཚིགས་འབའ་ཞིག་དེ་བཙུགས་པ་རེད། མཚོ་བོད་ལྕགས་ལམ་རྩད་ཞིབ་ཐིག་ལེན་ཇུས་འགོད་དང་ལས་གྲྭ་འཛུགས་སྐྲུན་བྱེད་པ་ནས་གཉེར་སྐྱོང་བདག་སྐྱོང་བྱེད་པའི་བར་གྱི་ལོ་65ཡི་རིང་། ཚན་ཞིབ་པ་མི་རབས་བཞིས་རིམ་རྩིས་བརྒྱབ་ན་ལྟ་དཔྱད་ཚད་ལེན་གྱི་གྲངས་གཞི་ཁྲི་4000ཙམ་འཚོལ་བསྡུ་བྱས་ནས་ཚ་རྒྱུག་དང་ཅབ་ལེའི་རླུང་འགྲོའི་ལམ་གཞི་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས། ལོ་མང་འཁྱགས་སའི་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་སེལ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད།
མཐའ་ཡས་པའི་ས་མཐོར། ལྟ་དཔྱད་ཚད་ལེན་ས་ཚིགས་ཀྱི་ཁང་པ་ཐོག་གཅིག་མ་སྟར་པ་གཉིས་བ་ཡན་མདུང་རྩེའི་བྱང་འདབས་སུ་ཁུ་སིམ་མེར་གནས། རྒྱལ་སྒོའི་གཞོགས་གཉིས་སུ“དཀའ་སྡུག་བཟོད་བསྲན་གཟི་བརྗིད་དུ་བརྩི་བ་དང་། གསར་གཏོད་བྱེད་ཕོད་པ། ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པ། ལང་ཚོ་ཚན་རིག་ལ་འབུལ”ཞེས་པའི་ཡི་གེ་ཆེན་པོ་བྲིས་ཡོད་པ་རེད།
འདི་ནི་2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་བྱེད་སྐབས། ལྕགས་ལམ་ལས་དོན་པ་ཀུན་གྱིས་ཕྱོགས་སྡོམ་བྱས་པའི“བ་ཡན་མདུང་རྩེའི་སྙིང་སྟོབས”རེད།
སྙིང་སྟོབས་རྒྱུན་འཛིན་བྱེད་རྒྱུ་དེ་སྔ་ས་ནས་སེམས་གཏིང་དུ་ཟུག་ཡོད།
ཝང་ཅིང་རུང་དང་། ཝང་ཀྲན་ཝུའུ། དབྱང་པིན་བཅས་ཀྱིས་ཉིན་ལྟར་གླེང་མང་ཤོས་ནི། ལམ་དུམ་གང་གི་འཁྱགས་སའི་དྲོད་ཚད་མཐོ་རུ་ཕྱིན་པ་དང་། ཚ་རྒྱུག་གང་ཞིག་ཞིབ་བཤེར་ཉམས་བཟོ་བྱེད་དགོས་པ། གངས་འབབ་ཐེངས་གང་ཞིག་གིས་ལྟ་དཔྱད་ཚད་ལེན་བྱས་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པ་སོགས་གནམ་གཤིས་དང་། འཁྱགས་ས། གྲངས་གཞི་བཅས་ཀྱི་སྐོར་རེད།
ལྟ་དཔྱད་ཚད་ལེན་ས་ཚིགས་དང་ཐག་མི་རིང་བའི་སར་དུར་བྱང་སྐྱ་བོ་ཞིག་བསླངས་འདུག དེ་ནི་བ་ཡན་མདུང་རྩེའི་འཁྱགས་ས(རུ་ཁག)ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀྲན་ཅི་དང་ཁོང་གི་བཟའ་ཟླའི་བང་སོ་ཡིན་པ་རེད།
བང་སོའི་རྒྱབ་ཕྱོགས་སུ་མཚོ་བོད་ལྕགས་ལམ་ཡོད་ལ། མེ་འཁོར་གྱི་ལྡིར་སྒྲས་ས་མཐོའི་ལྷིང་འཇགས་ཡོངས་སུ་དཀྲོགས།
ལྟ་དཔྱད་ཚད་ལེན་ས་ཚིགས་སྐྲུན་པའི་དུས་འགོར་ཝང་ཀྲན་ཅིས་ཚན་ཞིབ་མི་སྣའི་སྣེ་ཁྲིད་དེ་གུར་ནང་སྡོད་པ་དང་འཁྱགས་ཆུ་བཏུངས་ཏེ་གྲང་ངར་ཤིན་ཏུ་ཆེ་བའི་ཁོར་ཡུག་ཏུ་འཁྱགས་སར་ལྟ་དཔྱད་ཚད་ལེན་དང་ལས་གྲྭའི་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཡུན་རིང་ངལ་དུབ་ཀྱིས་མནར་བའི་དབང་གིས་སྙུན་གཞི་ཕོག་ཏེ་1980ལོར་ཚེ་ལས་འདས། གྲོངས་ཁར་ཁོང་གིས“ང་རང་གསོན་པོར་སྡོད་དུས་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་མཐོང་མ་སོང་། དེ་ནི་ངའི་མི་ཚེའི་ནང་བློ་ཕམ་ཆེ་ཤོས་དེ་ཡིན། ང་ཤི་རྗེས་ངའི་ཕུང་པོ་བ་ཡན་མདུང་རྩེར་སྦེད་རོགས། མེ་འཁོར་ངའི་འགྲམ་ནས་སྐྱོད་པར་ལྟ་འདོད་འདུག”ཅེས་ཞལ་ཆེམས་བཞག
ཕྱིས་སུ་ཁོང་གི་བཟའ་ཟླས་བུ་སླར་ཡང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱལ་ཡོད། ཡིན་ནའང་ཝང་ཀྲན་ཅི་ཡི་བཟའ་ཟླས་ཀྱང་མེ་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་སྒུག་ཐུབ་མེད།
ད་ཆ་རྒན་རྒོན་ཚོའི་གྲོངས་ཁའི་རེ་འདུན་མངོན་དུ་གྱུར་ཡོད་ཅིང་། ཉིན་ལྟར་མེ་འཁོར་མང་པོ་ཁོང་ཚོའི་དུར་བྱང་གི་འགྲམ་ནས་སྐྱོད་པ་དེ་ནི་ཁོང་ཚོར་གུས་འདུད་ཞུ་བ་དང་འདྲ།
ཚན་ཞིབ་མི་སྣ་མི་རབས་མང་པོས་མི་རབས་ནས་མི་རབས་བར་འདི་ལྟར་ལྟ་སྐྱོང་བྱེད་ཀྱི་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན། མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་ལས་མཇུག་རྦད་དེ་འགྲིལ་བ་ཞིག་མིན།
གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ལོ་མང་འཁྱགས་སར་རྒྱུན་མཐུད་འགྱུར་ལྡོག་འགྲོ་བཞིན་ཡོད། འོ་ན་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལོ་མང་འཁྱགས་སའི་ལམ་ཐག་རིང་ཤོས་ཀྱི་ལྕགས་ལམ་དེར་མེ་འཁོར་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོང་བ་ཇི་ལྟར་བྱེད་དགོས་པ་འདི་ནི་ཞིབ་འཇུག་བྱ་གཞི་གསར་པ་ཞིག་ཏུ་གྱུར་ཡོད།
ལོ་འདི་དག་རིང་བ་ཡན་མདུང་རྩེ་ལྟ་དཔྱད་ཚད་ལེན་ས་ཚིགས་རིག་ནུས་ཅན་དུ་རིམ་བཞིན་འགྱུར་བཞིན་ཡོད། མཚོ་བོད་ལྕགས་ལམ་གྱི་སྤྱི་ལེ་544ཡི་འཁྱགས་སའི་ཁུལ་དུ་ཁྱབ་པའི་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་འཁོར་སྐྱོད་བརྟན་པོ་བྱས་ནས་འཁྱགས་ས་དང་། ལམ་གཞི། ཟམ་པ་བཅས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་200ལྷག་ཙམ་གྱི་གྲངས་གཞི་དུས་ཐོག་ཏུ་འཚོལ་བསྡུ་བྱེད་ཀྱི་ཡོད། མི་ཐབས་ལ་བརྟེན་ནས་ཟིན་ཐོ་འགོད་པ་ནས་རིག་ནུས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བར་ལག་རྩལ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ལག་རྩལ་མི་སྣས་ཉིན་ལྟར་ལམ་གཞིར་སྐོར་ཞིབ་དང་དེའི་ཐད་ཚོད་ལྟ་བྱེད་པའི་གོམ་སྟབས་སྤོ་མཚམས་ཡེ་ནས་འཇོག་མྱོང་མེད།
ད་ཆ་ཚ་རྒྱུག་དང་རྡོ་ཧྲུག་གི་རླུང་འགྲོའི་ལམ་གཞི་སོགས་བ་ཡན་མདུང་རྩེ་ནས་ཞིབ་བཟོ་བྱས་པའི་ལག་རྩལ་གྱིས་མཚོ་བོད་ལྕགས་ལམ་ལ་སྲུང་སྐྱོང་བྱེད་པ་མ་ཟད། ས་བབ་མཐོ་ལ་གྲང་ངར་ཆེ་བའི་ལས་གྲྭ་གལ་ཆེན་དེ་བས་མང་བར་སྤྱོད་བཞིན་ཡོད། བ་ཡན་མདུང་རྩེ་ནི་སྔ་ས་ནས་ལྟ་དཔྱད་ཚད་ལེན་ས་ཚིཌ་ཤིག་ཡིན་པ་མ་ཟད། རང་རྒྱལ་གྱི་མཐོ་གྲང་ཁུལ་གྱི་ལས་གྲྭའི་ལག་རྩལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བའི་འགོ་འཛུཌ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
གངས་ལྗོངས་ས་མཐོའི་དགུང་སྔོན་འོག་མེ་འཁོར་རེ་རེ་བཞིན་བ་ཡན་མདུང་རྩེའི་རི་གཤམ་ནས་སྐྱོད་བཞིན་ཡོད་ཅིང་། ལྕགས་ལམ་རྒྱུན་ཆད་མེད་པར་རྒྱང་རིང་དུ་བསྲིངས་ཡོད།
ཚོད་ལྟའི་ལམ་གཞིར་ཝང་ཅིང་རུང་གིས་སླར་ཡང་ལུས་པོ་སྒུར་བཞིན་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ཤིག་ལ་ལྟ་ཞིབ་བྱས།
རླུང་དམར་སྔར་བཞིན་ལྡང་། འོན་ཀྱང་ས་བབ་སྨི་4750ཡི་སར་ལག་རྩལ་པ་ཚོས་མུ་མཐུད་ལྟ་སྐྱོང་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།