དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨན་ཧུའེ་ལིའུ་ཨན་གྲོང་ཁྱེར་གྱིས་རི་བོ་ཏ་པེ་ཧྲན་གྱི་སྙིང་སྟོབས་དར་སྤེལ་བཏང་བ།

    གསར་བརྗེའི་ཐོན་ཁུངས་ལེགས་པར་སྤྱད། ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཅུན་ཅེ།   |     སྤེལ་དུས།  2026-06-29

    རི་བོ་སྔོ་ཞིང་བརྗིད་ལ་ཇ་ཞིང་གི་རྣང་མ་ཚར་དུ་དངར། རི་བོ་ཏ་པེ་ཧྲན་གྱི་ཕང་བར་གནས་པའི་ཨན་ཧུའེ་ལིའུ་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་ཏ་དབན་གྲོང་ཚོའི་རྫ་གཡམ་སྔོ་ནག་བཀབ་པའི་མང་ཚོགས་ཀྱི་ཁང་པ་མང་པོའི་སྒོ་རྩར་ཁོད་སྙོམས་པའི་ཨར་འདམ་ལམ་བསྐྲུན་ཡོད། གྲོང་མི་ཁྲེན་ཙེ་ཧྲེན་གྱིས་ཞོགས་པ་སྔ་པོ་ནས་སྒོ་ར་རྙིང་པའི་སྒོ་ཕྱེ་སྟེ་རི་སྐྱེས་དངོས་ཟོག་བཤམས་ནས་ཡུལ་སྐོར་བ་བསུ་བཞིན་ཡོད།

    ལོ་10ཡི་གོང་། ཏ་དབན་གྲོང་ཚོ་ཧ་ཅང་དབུལ་པོ་ཡིན། ད་ཆ། གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་370ལྷག་ཙམ་ཟིན་ཏེ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་བཅུའི་གོང་དང་བསྡུར་ན་ལྡབ་3འཕར་ཡོད། ཞིང་དུད་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་60ལྷག་ཙམ་གྱིས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་ཡོད།

    ཅིན་ཀྲའེ་རྫོང་ལ“དམར་དམག་གི་འབྱུང་གནས་དང་དམག་དཔོན་གྱི་ཕ་ས”ཞེས་འབོད། དམར་དམག་གི་གཙོ་ཤུགས་དཔུང་སྡེ་མང་པོ་ཞིག་སྔ་རྗེས་སུ་དེ་གར་བཙུགས་པ་དང་། རྒྱལ་ཁབ་གསར་དུ་འཛུགས་མཁན་དམག་དཔོན་59དེ་ནས་ཐོན་པས་རེད།

    2016ལོའི་ཟླ་བཞི་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས། “ཅིན་ཀྲའེ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་གཏོང་གིསྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་གསར་བརྗེའི་བྱ་གཞག་ལ་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་མཛད་རྗེས་བཞག་ཡོད” “བསམ་བློ་སྔར་བས་བཅིངས་འགྲོལ་དང་། དངོས་འཛིན་དངོས་སྒྲུབ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་དབུས་རྒྱུད་དར་རྒྱས་གཏོང་རིང་ལམ་བུ་གསར་པ་བཏོད་དེ་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།

    མངགས་བཅོལ་ཟབ་མོས་མ་འོངས་མདུན་ལམ་ཡོངས་སུ་གསལ། ལིའུ་ཨན་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཐོག་རི་བོ་ཏ་པེ་ཧྲན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཡག་པོ་བྱེད་པ། དངོས་སྒྲུབ་ལག་བསྟར་བཅས་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མི་དམངས་དེ་བས་ཕྱུག་པ་དང་དེ་བས་བློ་བདེ་བག་ཕེབས་ཀྱི་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱས་པ་རེད།

    ཅིན་ཀྲའེ་རྫོང་གི་རི་ཁུག་ཏུ་བསྐྲུན་པའི་སྤྱི་ལེ་800ཡི་ཧུང་ལིང་གཞུང་ལམ་དེ་ལམ་རྒྱུད་ཀྱི་གྲོང་མི་ཚོའི་ཕྱུག་འགྱུར་ལམ་བུར་གྱུར་ཡོད། དམར་དམག་ཐང་ཆེན་དང་ཐང་ཅཱ་ཧུའེ་གསར་བརྗེའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་སོགས་མཛེས་ལྗོངས་ཁུལ་མང་པོ་ལས་གསར་བརྗེའི་ཡུལ་སྐོར་དྲ་བ་ཞིག་ཆགས་ཡོད། ཐང་ཅཱ་ཧུའེ་གྲོང་རྡལ་གྱི་གསར་བརྗེའི་ཟློས་གར་གྱིས་ལྟད་མོ་བ་མང་པོའི་ཡིད་དབང་འཕྲོག་ཡོད། ད་ལོའི་དུས་ཚིགས་དང་པོར་ཡུལ་སྐོར་བ་3000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་80ཙམ་རག་ཡོད།

    ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ལིའུ་ཨན་གྲོང་ཁྱེར་གྱིས་ཐོན་ལས་དར་རྒྱས་ལ་བརྟེན་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རིང་རྒྱུགས་ལན་གསར་པ་ཕུལ་ཡོད།

    རླངས་འཁོར་བཏང་ནས་ཧོ་ཧྲན་རྫོང་ཐའེ་ཕིང་ཧྥན་ཤང་དུ་སྐྱོད་སྐབས། ཞོགས་པའི་སྨུག་སྤྲིན་ཁྲོད་ནས་སྤྱི་ལེ་10ཡོད་པའི་པུ་ཤེལ་ཙེ་འདེབས་འཛུགས་དྲོད་ཁང་ཆེ་མོ་རབ་རིབ་ཙམ་མཐོང་གི་ཡོད། འཁོར་ཁང་ནང་དུ་ལས་དོན་པ་རྣམས་སྨན་རྒྱུ་ལས་སྣོན་ལ་བྲེལ་བཞིན་ཡོད་པ་དང་།

    ཐད་གཏོང་ཁང་དུ་ན་གཞོན་ལས་གཏོད་པས་པར་ཆས་ཀྱི་བརྙན་ཤེལ་ལ་ཕྱོགས་ནས་ཐོན་རྫས་འོས་སྦྱོར་བྱེད་བཞིན་ཡོད།

    དུས་རབས་གོང་མའི་ལོ་རབས་70པར་ཐའེ་ཕིང་ཧྥན་ཤང་གིས་རི་སྐྱེས་རྩི་ཤིང་ལ་མིག་ལྟོས་ལད་མོ་བྱེད་པའི་འདེབས་རྩལ་འགག་སྒྲོལ་ཐུབ་པས། ཧུའོ་ཧྲན་རྫོང་གི་རི་སྐྱེས་པུ་ཤེལ་ཙེ་སྟོངས་ལ་ཉེ་བའི་དཀའ་གནད་ལས་གྲོལ་ནས་ཐོན་ལས་དར་བར་མཐུན་རྐྱེན་བསྐྲུན་ཡོད། དེ་རྗེས་རྫོང་དང་ཤང་རིམ་པ་གཉིས་ཀྱིས་ཆེད་དོན་རོགས་སྐྱོར་གྱི་སྲིད་ཇུས་བཏོན་པ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་ལས་སྟེགས་བསྐྲུན་པ། “སོན་འདེབས་དང་། འདེབས་འཛུགས། ལས་སྣོན། ཕྱིར་ཚོང”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་བྱས་ནས་སྙིང་རུས་གཏན་འཁྱོངས་ཀྱིས་འབད་བརྩོན་བྱས་པ་རེད། ད་ཆ་ཤང་ཡོངས་ཀྱི་པུ་ཤེལ་ཙེའི་འདེབས་ཁྱོན་མུའུ་ཁྲི་1.5ཟིན་ནས། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་25ལས་བརྒལ་ཡོད།

    ཡུས་ཨན་ཆུས་ནི་ལིའུ་ཨན་གྲོང་ཁྱེར་གྱི་ཇ་ལོ་ཀྭ་ཕན་ཐོན་ཁུལ་གལ་ཆེན་ཡིན་པའི་ཆ་ནས་གྲངས་འཛིན་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཇའི་ཐོན་ལས་ལ་མཐུན་རྐྱེན་སྦྱར་ཡོད། ལིའུ་ཨན་གྲོང་ཁྱེར་གྱི་ཇ་ལོ་ཀྭ་ཕན་ཐོན་ལས་དྲ་སྦྲེལ་ལྟེ་གནས་ཀྱིས་ས་ཁམས་ཆ་འཕྲིན་མ་ལག་ལ་བརྟེན་ནས་ཐིག་རིས་འབྲི་བ་དང་། ས་རྒྱུ་དང་གནོད་འབུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པ། ཚན་ཚན་ཕྲེང་འབྲེལ་གྱིས་ཁུངས་འདེད་པ་སོགས་ཀྱི་ལག་རྩལ་སྤྱད་དེ་མུའུ་ཁྲི་8.5ཡི་ཇ་ཞིང་ལ་བརྒྱུད་རིམ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་གཡོག་བྱེད་ཀྱི་ཡོད་པས། ཇ་ལོའི་སྒམ་ཆུང་ཐོག་གི་རྩ་གཉིས་ཨང་རྟགས་ནས་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་རྟགས་བཤེར་ཁུངས་འདེད་ཐུབ་ཀྱི་ཡོད། ད་དུང་དྲ་ཐོག་ནས་ཐད་གཏོང་བྱས་ཏེ་ཚོང་ལམ་རྒྱ་ཆེར་གཏོང་གི་ཡོད་ཅིང་། ཇ་འདེབས་ཞིང་པ་དང་ཇ་བཟོ་མཁས་ཅན་ཐད་གཏོང་ཁང་དུ་ཡོང་ནས་ཇ་ལོ་འཐོག་པ་དང་ཇ་ལོའི་ཐོན་རྫས་བཟོ་བའི་བཟོ་རྩལ་འགྲེམས་སྟོན་བྱེད་ཀྱི་ཡོད་པ་རེད།

    ཅིན་ཀྲའེ་རྫོང་གི་རིག་གནས་ཡུལ་སྐོར་དང་། ཧུའོ་ཧྲེང་རྫོང་གི་པུ་ཤེལ་ཙེ། ཡུས་ཨན་ཆུས་ཀྱི་གྲངས་འཛིན་ཇ་ལོའི་ཐོན་ལས། ཧྲུའུ་ཁྲེང་རྫོང་གི་ཇ་ལོ་ཡིའུ་ཁྲ། ཨན་ཧུའེ་ནུབ་རྒྱུད་ཀྱི་ངང་དཀར། ཡེ་ཅི་ཆུས་ཀྱི་ཤིང་ཆ་དང་སྨྱུག་མར་ལས་སྣོན་བྱེད་པ། ཧུའོ་ཆིའུ་རྫོང་གི་ངང་པའི་མཆིན་པ་སོགས་ལིའུ་ཨན་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། “རྫོང་རེར་ཐོན་ལས་གཙོ་བོ་རེ་དང་ཤང་རེར་ཁྱད་ཆོས་རེ”ཡོད་པ་མཐའ་འཁྱོངས་ཀྱིས་ཁྱད་པར་ཡོད་པའི་སྒོ་ནས་ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད། དེས་ན། གྲོང་ཁྱེར་དེ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་400ལས་བརྒལ་བ་དང་། རི་བོ་ཏཱ་པེ་ཧྲན་གྱི་གསར་བརྗེའི་ལེགས་ཆ་དང་སྐྱེ་ཁམས་ལེགས་ཆ་མང་ཚོགས་ཀྱིས་མཉམ་དུ་སྤྱོད་པའི་འཕེལ་རྒྱས་ཀྱི་ཁེ་ཕན་ལ་རྒྱུན་ཆད་མེད་པར་གྱུར་ཏེ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་མགྱོགས་པོ་ཡོང་བའི་ལམ་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།