དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-29

    ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ནས་2030ལོར་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་གསར་པ་རགས་ཙམ་བཙུགས་ཚར་བ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

    འཆར་འགོད་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྱོང་གི་དམིགས་ཚད་གཙོ་བོ་བཏོན་ཞིང་། དེའི་ནང་ནུས་རྒྱུའི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་58ཟིན་པ་དང་། གློག་ཤུགས་མ་ལག་ཕན་ཚུན་གསབ་རེས་དང་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ནུས་རྒྱུ་ནང་འདྲེན་སྣ་མང་ཚོད་འཛིན་ཐུབ་པ་བཅས་བྱ་རྒྱུ་དང་། རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་བྱེད་ཚད་མཐོ་ཤོས་སུ་སླེབས་པ་དང་། འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་25%ཟིན་པ། རླུང་གློག་དང་ཉི་ནུས་ཀྱི་གློག་འདོན་ཚད་ཀྱི་བསྡུར་ཚད་50%ལས་བརྒལ་ནས་གློག་འདོན་བྱེད་པོ་གཙོ་བོར་གྱུར་བ། མཉེན་གཤིས་བརྟན་པོ་དང་། ལྗང་མདོག་ཐཱན་ཉུང་། འདུས་གྲུབ་མཉམ་འདྲེས། རིག་ནུས་ནུས་ཆེ་བཅས་ཀྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་གསར་པ་གང་མགྱོཌ་བཙུཌ་ནས་གློག་ཤུགས་མ་ལག་གསར་པ་རགས་ཙམ་ཆགས་པ་བྱ་རྒྱུ། ནུས་རྒྱུའི་ཐོན་ལས་འཁོར་འབྲེལ་གྱི་འགག་རྩའི་ལག་རྩལ་སྒྲིག་ཆས་སྤྱིའི་ཆ་ནས་རང་བརྟེན་ཚོད་འཛིན་ཐུབ་པ་བྱུང་ནས་འཛམ་གླིང་གི་ནུས་རྒྱུའི་ཚན་རྩལ་གསར་གཏོད་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ། ནུས་རྒྱུའི་མ་ལག་གསར་པ་དང་འཚམ་པའི་ཁྲོམ་ར་དང་རིན་གོང་གི་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱ་རྒྱུ་བཅས་རེད།

    འཆར་འགོད་ནང་ཁ་གསལ་བཏོན་དོན། ནུས་རྒྱུ་གཙང་མའི་རྟེན་གཞིའི་ཕྱིར་གཏོང་གློག་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་བགོས་དྲ་རྒྱ་དེ་ཁུངས་དྲ་ཐེག་གསོག་ཐོན་ཁུངས་བཀོད་སྒྲིག་གི་ནུས་ཆེའི་ལས་སྟེགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། 2030ལོར་ཆན་ཝ་དུང་ཕྱུར་9ཐེག་ཐུབ་པའི་ཁྱབ་ཚུལ་རྣམ་པའི་ནུས་རྒྱུ་གསར་པའི་ཐེག་ནུས་ལྡན་པའི་བརྩོན་ལེན་བྱ་རྒྱུ་རེད། འཆར་འགོད་ནང་ད་དུང་བཏོན་དོན། གཅིག་སྡུད་རྣམ་པ་དང་ཁྱབ་ཚུལ་རྣམ་པ་དང་། གློག་གཏོང་དང་གློག་མིན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་ནུས་རྒྱུ་གསར་པའི་སྣ་མང་གསབ་རེས་གསར་སྤེལ་དང་། བར་མཐོངས་ལེགས་བསྡུས་ཞིབ་གཉེར་དང་མཉམ་འདུས་བེད་སྤྱོད། གཞི་གཅིག་ཅན་གྱི་མཉམ་འདུས་གཉེར་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྐམ་སའི་རླུང་གློག་དང་འོད་གློག་གི་གཞི་ཁྱོན་ཆེ་ཞིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། མཚོ་ཐོག་རླུང་གློག་དེ་མཚོ་བྱིངས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ། ཚ་འོད་གློག་གཏོང་དང་རྒྱ་མཚོའི་ནུས་པ་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་རྒྱུ། ས་འོག་ཚ་ནུས་དང་། ཆིང་ནུས། ལྗང་མདོག་འབུད་རྫས་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་རྒྱུ་གསར་པའི་གློག་མིན་ཐོན་རྫས་བེད་སྤྱོད་ཀྱི་གཞི་ཁྱོན་ལྡབ་འཕར་ཐུབ་རྒྱུ། ནུས་རྒྱུ་གསར་པ་འདྲེན་སྤྱོད་ཕྱོགས་བསྡུས་གདེང་འཇོག་གི་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་2030ལོར་ནུས་རྒྱུ་གསར་པའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་30%ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།