སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་གཏན་འཁེལ་བ།

འདི་ནི་ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒྲིག་གཤོམ་ཁང་དུ་ལྟད་མོ་བས་ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེའི་ལོ་རྒྱུས་ཤེས་རྟོགས་བྱེད་བཞིན་པ།
དུས་རབས་20པའི་ལོ་རབས་90པའི་དུས་འགོར། ཧྲེན་ཀྲེན་གྱི་མྱུར་ཚད་དང་ཕུའུ་ཏུང་གི་རྣམ་པ་གསར་པ་སོགས་ཉིན་རེ་ལས་མ་འདས་པའི་ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ཧང་སངས་པར་གྱུར། ཡིན་ནའང་དེ་དང་བསྟུན་ནས“མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས”ཀྱི་རྩོད་གླེང་ཡང་ཇེ་འཁྲུག་ཏུ་སོང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པའི་སྒྱུར་བཅོས་དམིགས་ཚད་བཏོན་པ་འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་ཞིག་རེད།
“འཆར་གཞིའི་དཔལ་འབྱོར་ཡིན་ན་སྤྱི་ཚོགས་རིང་ལུགས་ཡིན་པའི་ངེས་པ་མེད་ཅིང་། མ་རྩ་རིང་ལུགས་ལའང་འཆར་གཞི་ཡོད་པ་དང་། ཁྲོམ་རའི་དཔལ་འབྱོར་ཡིན་ན་མ་རྩ་རིང་ལུགས་ཡིན་པའི་ངེས་པ་མེད་ཅིང་། སྤྱི་ཚོགས་རིང་ལུགས་ལའང་ཁྲོམ་ར་ཡོད” 1992ལོའི་ལོ་འགོར་བློ་མཐུན་ཏེང་ཞའོ་ཕིང་གིས་ཝུའུ་ཁྲང་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཧྲང་ཧའེ་སོགས་ས་ཆར་གཟིགས་ཞིབ་གནང་སྐབས། མི་རྣམས་ཀྱི་བསམ་བློར་རྟག་ཏུ་འགལ་རྐྱེན་དང་ཚོད་འཛིན་བཟོ་བའི་ངོས་འཛིན་གྱི་གནད་དོན་གལ་ཆེན་མང་པོར་ལན་གསལ་པོ་བཏབ་ནས། ཏང་གི་ཚོགས་ཆེན་བཅུ་བཞི་པ་ཡག་པོ་འཚོག་ཆེད་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་གང་ལེགས་གནང་ཡོད།
1992ལོའི་ཟླ་10ཚེས་12ཉིན་ནས་ཚེས་18ཉིན་བར། འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཁུར་བའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་པེ་ཅིང་དུ་འཚོགས་ཤིང་། བློ་མཐུན་ཅང་ཙེ་མིན་གྱིས《སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱལ་ཁ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད།
“བློ་མཐུན་ཏེང་ཞའོ་ཕིང་གི་བཀའ་མོལ་དང་ད་ལོའི་ཟླ་3པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚང་འཛོམས་གྲོས་ཚོགས་མཚོན་བྱེད་དུ་བྱས་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་དུས་མཚམས་གསར་པར་སླེབས་ཡོད”ཞེས་པའི་སྙན་སྒྲོན་གྱི་ནང་དོན་གློག་རླབས་བརྒྱུད་ས་གནས་གང་སར་ཁྱབ་ཡོད།
“ཁྲོམ་རའི་དཔལ་འབྱོར”ཞེས་པའི་ཡིག་འབྲུ་ཆེན་པོ་བཞི་པོ་དེ་ཐེངས་དང་པོར་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་ཐོག་བྲིས་ཤིང་། ཏང་གི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་ལག་བསྟར་བྱས་པས། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
1993ལོའི་ཟླ་11པར། ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པའི་སྤྱི་ཡོངས་ཀྱི་འཆར་འགོད་བཟོས་ཡོད།
1994ལོའི་གནམ་ལོ་གསར་ཚེས་ནི་རྒྱུན་ལྡན་མིན་པའི་ལོ་གསར་པ་ཞིག་ཡིན་ཞིང་། དེ་ཉིན་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་དང་ཕྱི་དངུལ་སྒྱུར་བཅོས་བྱས་པ་དང་། དངུལ་རྩ་དང་། ཕྱི་ཕྱོགས་ཚོང་དོན། རིན་གོང་། འཁོར་རྒྱུག ཁེ་ལས་སོགས་ཀྱི་སྒྱུར་བཅོས་མང་པོ་ཡང་གཅིག་རྗེས་གཉིས་མཐུད་དུ་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པའི་དམིགས་ཚད་ལ་གཞིགས་ནས་སྒྱུར་བཅོས་དེ་ཉིད་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འགག་སྒྲོལ་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད།
ད་ཆའི་བར། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ལག་ལེན་དངོས་ལས་འདི་ལྟའི་གསར་གཏོད་ལེགས་གྲུབ་བྱུང་བ་ར་འཕྲོད་པ་སྟེ། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་བརྟན་པོར་གནས་པ་དང་། མི་རེའི་ཆ་སྙོམས་རྒྱལ་དམངས་ཡོང་འབབ་ཀྱི་བསྡོམས་འབོར་དེ་ཡོང་འབབ་འབྲིང་གྲས་ཡན་གྱི་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་པ། དངོས་ཟོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་བསྡོམས་འབོར་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོར་གནས་པ། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་ཕྱིན་པ་སོགས་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གཉེར་བ་ནི་རང་རེའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་རེད”ཅེས་གསུངས་ཡོད།
འཕེལ་རྒྱས་མགྱོགས་པའི་ཞུང་ཨན་ཁུལ་གསར་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ། གསོན་ཤུགས་རབ་ཏུ་རྒྱས་པའི་འབྲི་ཆུའི་དཔལ་འབྱོར་རྒྱུད། ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སོགས། ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་དེ་བས་ཆེ་བ་རྒྱུན་མཐུད་འཕེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གདིང་ཤུགས་ཆེན་པོ་གཅིག་ཏུ་འདུས་ཏེ། ཀྲུང་གོར་དབྱར་མཚོ་རྒྱས་པ་ལྟར་གྱི་གྲུབ་འབྲས་ཐོབ་ཡོད།
རྒྱང་ལམ་གསར་པར་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དེ་གནས་བབ་མངོན་གསལ་དོད་པོར་བཞག་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་བསྐྲུན་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོས་མུ་མཐུད་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་བྱས་ནས“དཔྱིད་ཀྱི་གཏམ་རྒྱུད”དེ་བས་མང་བ་རྒྱུན་ཆད་མེད་པར་རྩོམ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།