གཙང་གསུམ་ཆུ་འགོའི་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་གང་ལེགས་བྱེད་པ།
འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་གཙང་གསུམ་ཆུ་འགོར“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་པ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་མུ་མཐུད་ལག་ལེན་བསྟར་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་སྲོག་ཆགས་འཚོ་སྡོད་སྐྱེ་འཕེལ་དང་སྐྱེ་ཁམས་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད།
2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་ཐོག་མ་གཙང་གསུམ་ཆུ་འགོར་གཏན་ཁེལ་བྱས་པ་རེད། ཉེ་བའི་ལོ་བཅུའི་རིང་། ས་གནས་དེ་གས་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་དང་ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ། སྔོན་ཆད་ཀྱི་མཚེའུ་ཆུང་དུ་འགྲོ་བ་དང་། རྩྭ་ར་ཉམས་ཞན་དུ་འགྲོ་བ། ཆུ་ཁུངས་དཀོན་དུ་འགྲོ་བ་སོགས་སྐྱེ་ཁམས་ཀྱི་དཀའ་གནད་ལ་དམིགས་ནས་སྣ་འདུས་ཐབས་བཟང་བཏོན་ཡོད་པ་རེད།
ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་གྲངས་ཉུང་དུ་བཏང་བ་དང་རྩྭ་ར་སླར་གསོ་བྱས་ཏེ། རིམ་རྩིས་བརྒྱབ་ན་ས་ནག་གྲམ་ཐང་དང་ས་ནག་དེའུ་འབུར་མུའུ་ཁྲི་བརྒྱ་ཕྲག་ཁ་ཤས་བཅོས་སྒྲིག་བྱས་ནས་ཞན་འགྱུར་རྩྭ་ར་སླར་ཡང་སྔོ་ལྗང་ཅན་དུ་བསྒྱུར་ཡོད། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས་ཆུ་འགོ་དང་། སྔོ་ཁེབས། རི་སྐྱེས་སྲོག་ཆགས་བཅས་ཀྱི་སྐྱེ་ཁམས་གནས་ཚུལ་གནད་སྨིན་ངང་ཐོ་བཀོད་བྱས་པ་དང་། སྐྱེ་ཁམས་བདག་སྐྱོང་པའི་དཔུང་ཁག་བཙུགས་ནས་གཙང་པོའི་ཆུ་འགོ་ཚང་མར་སྲུང་སྐྱོང་བྱས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ནི་རྨ་ཆུའི་ཆུ་འགོར་གནས་པ་དང་སངས་རྒྱས་སྒྲོལ་མ་ནི་དེ་གའི་སྐྱེ་ཁམས་བདག་སྐྱོང་བ་ཞིག་རེད། རྨ་སྟོད་རྫོང་ནི་སྔོན་ཆད“མཚེའུ་སྟོང་ལྡན་རྫོང”ཞིག་ཡིན་མོད། འོན་ཀྱང་སྐབས་ཤིག་རིང་མཚེའུ་མང་པོ་མཐོང་རྒྱུ་མེད་པར་གྱུར་ཡོད། རྒྱུན་མཐུད་བཅོས་སྐྱོང་བྱས་པ་བརྒྱུད། ད་ཆ་མཚོ་དང་མཚེའུ་5800ལྷག་ཙམ་སྐར་ཚོགས་ལྟར་ས་ལ་བཀྲམ་ཞིང་། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་རང་དགར་རྒྱུད་སྤེལ་འཚོ་གནས་ཐུབ་པ་དང་། ཆུ་རྩ་གསོ་འཁྱོངས་ནུས་པ་ཇེ་མཐོར་སོང་ནས་རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
དོ་དམ་སྲུང་སྐྱོང་ལས་གནས་ལས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་བརྟན་པོ་བྱུང་ཞིང་། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་སྣ་ཚོགས་ཁྲི་14ལྷག་ཙམ་ཡོད་པ་དང་། དེ་ཁོ་ན་ལས་ལོ་ལྟར་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་10ཙམ་ཡོང་གི་ཡོད་པ་རེད།
ཆུ་འགོའི་ཆུ་རྒྱུད་སྲུང་སྐྱོང་ཡག་པོ་བྱེད་པ་དང་འཐུས་སྒོ་ཚང་བའི་ལམ་ལུགས་མ་ལག་ནི་འགན་ལེན་བརྟན་པོ་ཞིག་རེད། མཚོ་སྔོན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ་གཙང་ཆུ་སྲུང་སྐྱོང་གི་འགན་འཁྲི་རིམ་བཞིན་ནན་དུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཆུ་བོ་3500ལྷག་ཙམ་དང་མཚེའུ་500ལྷག་ཙམ་ལ་ཆེད་གཏོགས་ཀྱི་སྐོར་སྲུང་བ་ཡོད་པ་རེད།
ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་ནི་ཆུ་འགོ་སྲུང་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། 2021ལོའི་ཟླ་10པ་ནས་བཟུང་། རྨ་ཆུའི་ཆུ་འགོར་དུས་ཡུན་ལོ་ལྔའི་ཕྱོགས་ཡོངས་ནས་ཉ་རྒྱ་སྡོམ་པའི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་ཤིང་། མཚོ་མོ་སྐྱ་རེངས་སྔོ་རེངས། དེ་བཞིན་རྨ་ཆུའི་ཆུ་གཞུང་ཨ་མ་དང་ཆུ་ལག་གཙོ་བོ་9བཅས་ཚང་མ་ཉ་རྒྱ་སྡོམ་ཁོངས་སུ་བཅུག་ཡོད།
“ཉ་རྒྱ་བསྡམས་ན་གནས་སྐབས་ཀྱི་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་སྲིད་མོད། འོན་ཀྱང་རྨ་ཆུ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕ་ཚ་བུ་རྒྱུད་ཀྱི་དོན་ཆེན་ཞིག་ཡིན་པས་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་ཁྲི་ཀ་རྫོང་གི་ཉ་པ་ཧྲི་དབན་ཡན་གྱིས་འགྲམ་ངོགས་མང་ཚོགས་ཀྱི་བསམ་འདུན་བརྗོད། མཚོ་རྒྱུད་མང་ཚོགས་ཚོས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་བརྒྱུད། གདོད་སྐྱེས་ཉ་རིགས་20ཙམ་ཤེད་ལེན་སྤུ་སྐྱེས་བྱུང་ནས་གཙོ་གནད་སྲུང་སྐྱོང་ཉ་རིགས་སྣ་ཚོགས་ཀྱི་ཁྱུ་ཚོགས་གྲངས་འབོར་བརྟན་པོའི་ངང་སླར་གསོ་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་གཙང་གསུམ་ཆུ་འགོ་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་408.95བར་མང་དུ་ཕྱིན་ནས་ལོ་ལྟར་སྨད་རྒྱུད་ཞིང་ཆེན་ལ་ཆུ་འགོའི་རྒྱུག་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ནས་900བར་འདྲེན་གྱི་ཡོད་པ་རེད།
གསར་དུ་ཁྱབ་བསྒྲགས་བྱས་པའི《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། ཆུ་ནག་སོགས་ཀྱི་ཆུ་ཁུངས་གཙོ་བོར་བརྟེན་ནས། མཚོ་སྔོན་གྱིས་འབབ་རྒྱུད་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྤྱི་འདོམས་བྱས་པ་དང་། ལོ་ཧྲིལ་པོར་ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཀྱི་བཅད་ཁའི་བསྡུར་ཚད་ཡག་པོ་100%རྒྱུན་འཁྱོངས་ཐུབ་ཡོད། གཙང་པོ་ཆེན་པོ་གསུམ་གྱི་ཞིང་ཆེན་ནས་ཐོན་པའི་བཅད་ཁའི་ཆུའི་སྤུས་ཚད་ལོ་འཁོར་མོར་Ⅱརིགས་དང་དེ་ཡན་དུ་བརྟན་པོར་གནས་པ་དང་། ས་རྒྱུ་དང་ས་འོག་ཆུའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།