མཚོ་སྔོན་གྱིས་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་རོགས་སྐྱོར་གནད་སྨིན་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་16ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་མི་སྤྱི་ཐིང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་འཕྲལ་སྡོམ་ཐིང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་བཅས་སྡེ་ཚན་7དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོབ་རོགས་སྐྱོར་གྱི་སྲིད་ཇུས་གསལ་ཐོ》བཀྲམ་སྟེ། སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་གསལ་པོ་བཟོ་བ་དང་། རོགས་སྐྱོབ་རོགས་སྐྱོར་གྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁེ་དབང་གཏན་འཁེལ་བཅས་བྱས་ནས་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་ཐོན་ཁུངས་ཁ་ཐོར་ཡིན་པ་དང་། སྡེ་ཚན་དབར་མཐུན་སྦྱོར་གང་ལེགས་མ་ཐུབ་པ། རོགས་སྐྱོར་གནད་སྨིན་ཐུབ་ཚད་མི་འདང་བ་སོགས་ཀྱི་དཀའ་གནད་བསལ་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་། རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ཕན་ཆེ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
《གསལ་ཐོའི》ནང་སྡེ་ཚན་བདུན་གྱི་རོགས་སྐྱོབ་རོགས་སྐྱོར་གྱི་ཐོན་ཁུངས་དང་སྲིད་ཇུས་བརྒྱུད་རིམ་ལྡན་པའི་ངང་བསྡུ་སྒྲིལ་བྱས་ནས་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། སློབ་གསོའི་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ། གནོད་འཚེ་ཕོག་མཁན་ལ་རོགས་སྐྱོབ། ནད་གཞིའི་འཕྲལ་སྡོམ་རོགས་སྐྱོབ་སོགས་རོགས་སྐྱོར་གྱི་ནང་དོན་ཚུད་པའི་རོགས་སྐྱོབ་རྣམ་གྲངས་ཆེ་གྲས་བརྒྱད་ཀྱི་ནང་གསེས་55གཅིག་སྡུད་བྱས་ཡོད། རོགས་སྐྱོབ་ཀྱི་རིགས་དང་། ཆོག་འཐུས་ཆ་རྐྱེན། སྒྲུབ་གཉེར་བརྒྱུད་རིམ། འགན་སྲུང་གི་ཐོབ་ཐང་། སྲིད་ཇུས་ཀྱི་གཞི་འཛིན་ས། སྣེ་ཁྲིད་འགན་འཁྲིའི་ཚན་པ་བཅས་ཁ་གསལ་བཟོས་པ་དང་། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྱད་པར་ཅན་གྱི་རོགས་སྐྱོབ་ཚད་གཞི་དང་ཞིང་ཆེན་སྒྲོལ་བའི་ཀུན་སྒྲུབ་དམངས་ཕན་ཞབས་ཞུ་སོགས་ཁྱད་ལྡན་བྱེད་ཐབས་གནད་སྨིན་བཀོད་པས། རོགས་སྐྱོབ་སྲིད་ཇུས“ཐབས་ཇུས་རེས་ཕྱོགས་སྡེབས་དང་། ཟུར་མཐོང་ལེབ་གསལ། མཐེབ་གཅིག་བཤེར་འཚོལ”བཅས་མངོན་འགྱུར་བྱུང་ཡོད།
མཚོ་སྔོན་གྱིས་ད་དུང“དྲ་ཐོག་ཏུ་གནད་སྨིན་སྔོན་ཚུད་ཉེན་གཏོང་དང་དྲ་ཕྱིར་ཕྱོགས་བསྡུས་ལས་གཉེར”གྱི་ཕྱོགས་ཡོངས་ཀྱི་རོགས་སྐྱོབ་ཞབས་ཞུའི་མ་ལག་ཀྱང་བཙུགས་ཡོད། དྲ་ཐོག་ཏུ་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་སྒུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་གྲངས་གཞིའི་བཀག་རྒྱ་བསལ་ཏེ། ཆ་རྐྱེན་དང་མཐུན་རིགས་ཀྱི་རོགས་སྐྱོབ་བྱ་ཡུལ་འཕྲལ་དུ་ཤེས་རྟོགས་ཐུབ་པར་བྱས་ནས། “གཞན་སྐུལ་རེ་ཞུ”དེ“རང་འགུལ་ཤེས་རྟོགས”ལ་འགྱུར་བར་བྱས་ཤིང་། དྲ་ཕྱིར་ཤང་དང་གྲོང་རྡལ(ཁྲོམ་གཞུང)དུ“རེ་ཞུ་ཐེངས་གཅིག་བྱེད་པ་དང་རིགས་དབྱེ་དོན་འཁྱོལ”ཐུབ་ནས་དོན་གཅོད་དུས་ཚད་ཐུང་དུ་བཏང་བ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།