ལོ་20ཡི་རིང་མཚོ་བོད་ལྕགས་ལམ་ནས་ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་པ།
གཡུ་འབྲུག་སྔོན་མོས་ལ་ཀླུང་དུ་མ་བརྒལ། བདེ་མོའི་ལམ་ནས་ས་མཐོར་ལྗོངས་རྒྱུར་སྐྱོད།
ལོ་20ཡི་རིང་། མཚོ་བོད་ལྕགས་ལམ་ནས་ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། ལྕགས་ལམ་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་འབྲེལ་མཐུད་བྱས་ཡོད་ལ། ཁོང་ཚོའི་དགའ་འཛོམས་སྐྱོ་བྲལ་དུས་ཀྱི་ཚོར་འདུ་སྟེ། གཉེན་ཉེའི་འཁྲེང་སེམས་དང་། ལྗོངས་རྒྱུའི་འདུན་པ། དཀའ་སྤྱད་ཀྱི་རྔུལ་ཆུ། སློབ་གཉེར་གྱི་ཕུགས་འདུན། ཕ་ཡུལ་གྱི་ཞེན་པ་བཅས་འདུས་ཡོད།
“མཁའ་ལམ”དེ་ནི་ཉིན་ནས་ཟླ་དང་ཟླ་ནས་ལོ་མཐུད་དེ་མི་རྣམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་པའི་ས་ཚིགས་ཤིག་རེད།
བསྐྱོད་མི་ཚར་བའི“ས་མཐོའི་འགྲུལ་བཞུད”
2006ལོའི་དབྱར་ཁར། པེ་ཅིང་དུ་སློབ་ཆེན་འགྲིམ་བཞིན་པའི་སྐལ་བཟང་དབྱངས་ཅན་དང་སློབ་གྲོགས་ཚོ་བོད་ནས་ཐོན་པའི་མེ་འཁོར་ལ་ཐེངས་དང་པོ་བསྡད།
སྐབས་དེ་དུས་ལྷ་ས་ནས་པེ་ཅིང་བར་གྱི་རྐུབ་སྟེགས་དཀྱུས་མའི་སྤ་སེ་ལ་རིན་པ་སྒོར་300ལྷག་ཙམ་ལས་དགོས་ཀྱི་མེད་པ་དེ་སྔོན་ཆད་གོར་མོར་ཐད་གཏོང་མིན་པའི་ལམ་ཐག་རིང་བའི་རླངས་འཁོར་ཕར་སྒྱུར་ཚུར་སྒྱུར་བྱས་པ་ལས་བདལ་གླ་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་པ་མ་ཟད་འཁོར་སྒྲོམ་གཙང་ལ་སྐྱིད་སྣང་དོད་པོ་ཞིག་ཀྱང་ཡོད། “དུས་དེ་ནས་བཟུང་ང་མེ་འཁོར་ལ་བསྡད་དེ་བོད་ནས་འགྲོ་འོང་བྱེད་ཀྱི་ཡོད་པས། བློ་ཧ་ཅང་བདེ་པོ་འདུག”ཅེས་སྐལ་བཟང་དབྱངས་ཅན་གྱིས་བརྗོད།
ཁོ་མོའི་མྱོང་བརྒྱུད་ནི་དཔེ་མཚོན་རྐྱང་པ་ཞིག་མིན། ཉེ་བའི་ལོ་ལྔའི་རིང་། ལྷ་ས་འབབ་ཚུགས་ཀྱིས་ལོ་རེར་ཆ་སྙོམས་སློབ་མའི་སྤ་སེ་ཁྲི་8.51འཚོང་གི་ཡོད་པ་དང་། ས་མཐོའི་སློབ་མ་དེ་བས་མང་བ་འདི་ནས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ལུང་མང་པོར་སྐྱོད་བཞིན་མཆིས།
ད་ཆ་མི་དེ་བས་མང་བའི་མཐོང་རྒྱ་མཁའ་ལམ་བརྒྱུད་ནས་ཡངས་སུ་ཕྱིན་ཡོད།
ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་། བརྗོད་དོན་གཙོ་བོའི་ཆེད་གཏོང་མེ་འཁོར་ནང་ཡུལ་སྐོར་བ་བླུགས་ནས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་དཔྱིད་ཀྱི་དཔལ་ཡོན་ཉམས་སུ་མྱོང་བ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་དང་རྒྱུན་ཆད་མེད་པར་ཁ་སྣོན་བརྒྱབ་པའི་རིག་གནས་ཡུལ་སྐོར་གྱི་བྱ་དགའི་ཁ་གསབ་དང་འཛད་སྤྱོད་ཁ་གསབ་ཀྱིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ས་མཐོར་སྔར་བཞིན་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་བྱས་ཡོད།
འགྲུལ་རྒྱུན་མང་དུ་ཕྱིན་ནས་ལྡོག་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ལོ་ཉི་ཤུའི་རིང་། མཚོ་བོད་ལྕགས་ལམ་གྱིས་གནས་སྐབས་འགྲུལ་པ་མང་དུ་དང་འདྲུད་འཁོར་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ནས་ལམ་རྒྱུད་ཀྱི་མེ་འཁོར་གཏོང་ཐེངས་རྒྱུན་ཆད་མེད་པར་མང་དུ་བཏང་ཡོད། 2025ལོར་མཚོ་བོད་ལྕགས་ལམ་གྱིས་ལོ་ཧྲིལ་པོར་ཁྱོན་ཡུལ་སྐོར་ཆེད་གཏོང་མེ་འཁོར་129བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
མཐོང་མི་ཐུབ་པའི“དངོས་ཕན་འདེགས་སྐྱོར”
འགྲུལ་པ་འཁོར་སྒྲོམ་ནང་འཛུལ་སྐབས་ཐོག་མར་ཤེས་ཚོར་ཐུབ་ཤོས་ནི་ལག་རྩལ་གྱི་དཔྱད་གྲངས་མིན་པར་མིག་མཐོང་ལམ་ཟིན་ཐུབ་པའི་སྟབས་བདེ་དེ་རེད།
“སྔོན་ཆད་མེ་འཁོར་ལ་སྡོད་སྐབས་ལག་ཐོགས་ཁ་པར་གྱི་གློག་རྫོགས་པའི་སེམས་ཁྲལ་ཆེན་པོ་ཡོད། གང་ལགས་ཤེ་ན། གློག་གསོག་ས་ཉུང་ལ་བང་རིང་པོ་སྒྲིག་དགོས་ཀྱི་ཡོད་པས་རེད”ཅེས་ལོ་འཁོར་མོ་ཟི་ལིང་ནས་ལྷ་ས་བར་ཕར་འགྲོ་ཚུང་འོང་བྱེད་མཁན་གྱི་ཚོང་པ་ཝང་ལགས་ཀྱིས་བརྗོད་པ་དང་། ཁོང་གིས“ད་ཆ་ཉལ་ཁྲི་ཚང་མར་བསྒར་ཁུང་ཡོད་སྟབས་ལག་ཐོགས་ཁ་པར་ལ་གློག་མེད་པའི་སེམས་ཁྲལ་བྱེད་དགོས་མེད། དངོས་འབྲེལ་བློ་བདེ་པོ་འདུག”ཅེས་བརྗོད།
ཡུལ་སྐོར་བ་མི་ཉུང་བ་ཞིག་ལ་དབུགས་འབྱིན་རྔུབ་ཐད་ཀྱི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། གསོ་རླུང་མཁོ་འདོན་མ་ལག་སྒྲིག་སྦྱོར་བྱས་པ་དེ་རེད། མཚོ་བོད་མེ་འཁོར་ལ་གསོ་རླུང་མཁོ་འདོན་བྱེད་སྟངས་ཆ་ཚང་གཉིས་ཡོད་པ་སྟེ། ཁྱབ་ཐོར་རྣམ་པའི་གསོ་རླུང་མཁོ་འདོན་མ་ལག་གིས་ས་བབ་སྨི་3000ཡན་ལ་གསོ་རླུང་རང་འགུལ་ངང་མཁོ་འདོན་བྱེད་འགོ་ཚུགས་པ་དང་གར་ཚད་25%ཙམ་རྒྱུན་འཁྱོངས་ཐུབ་ནས་འཁོར་སྒྲོམ་ཧྲིལ་པོ་སྒུལ་བདེའི་གསོ་རླུང་ཡོ་ཆས་ཤིག་དང་འདྲ་པོ་ཡོད། ཁྱབ་ཚུལ་རྣམ་པའི་གསོ་རླུང་མཁོ་འདོན་གྱི་གར་ཚད་30%ནས་45%བར་ཟིན་པ་དང་། ཉལ་ཁྲི་ཚང་མའི་འགྲམ་དུ་མཐུད་ཁ་བཙུགས་པ་མ་ཟད། འཁོར་སྒྲོམ་ཚང་མར་གསོ་རླུང་རྔུབ་སྦུག་དང་ངོ་ཁེབས་སྒྲིག་ཆས་གྲ་སྒྲིག་བྱས་ཡོད།
འགྲུལ་པས་འཁོར་སྒྲོམ་ནང་གློག་གསོག་ཆས་བསྒར་ཐུབ་པ་དང་། ཆུ་ཚ་པོ་ལེན་ཐུབ་པ། གསོ་རླུང་རྔུབ་ཐུབ་པ་སོགས་རྒྱུན་དུ་མཐོང་རྒྱུ་མེད་པའི་གློག་གཏོང་འཕྲུལ་འཁོར་གྱིས་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་གཏོང་གི་ཡོད།
འོན་ཀྱང་གློག་འཁོར་གྱིས་བཏང་བའི་མཐོ་གནོན་ཐད་རྒྱུག་གློག་ཐད་ཀར་འཁོར་སྒྲོམ་ལ་མཁོ་སྤྲོད་བྱེད་མི་ཐུབ།
འཁོར་སྒྲོམ་གྱི་མཐིལ་དུ་གནས་པའི་ལྡོག་འགྱུར་ཡོ་བྱད་ཀྱིས་གློག་ཤུགས་བརྗེ་སྒྱུར་ཡོ་བྱད་ཀྱི་ཚབ་བྱས་ནས། མཐོ་གནོན་ཐད་རྒྱུག་གློག་དེ་གློག་བརྟན་པོར་བསྒྱུར་རྗེས་གློག་སྒྲོན་རེ་རེ་དང་། བསྒར་ཁུང་རེ་རེ། གསོ་རླུང་བཟོ་འཕྲུལ་རེ་རེ་བཅས་སུ་གློག་གནད་སྨིན་གཏོང་གི་ཡོད།
“མེ་འཁོར་གྱི་མགོ་ནས་མཇུག་བར་གྱི་འཁོར་སྐྱོད་ལྷུ་ལག་ཚང་མར་ཧ་རི་ཧུ་རི་གཏན་ནས་བྱེད་མི་རུང”ཞེས་ལྷ་ས་མེ་འཁོར་བཅོས་སྒྲིག་རྟེན་གཞིའི་ལྷ་ས་འགྲུལ་སྐྱེལ་མེ་འཁོར་བེད་སྤྱོད་འཁོར་ཁང་གི་བཟོ་དཔོན་ཚུའེ་ཀྲི་པིན་གྱིས་བརྗོད་པ་དང་། ཁོང་གིས་ཉིན་ལྟར་མེ་འཁོར་རེ་རེ་བཞིན་ལ་གྲལ་བཤེར་དང་ཞིབ་དཔྱད་བྱེད་པར་གཞོལ་གྱི་ཡོད།
མཐོང་ཐུབ་པའི“མི་དང་མིའི་དབར་གྱི་བརྩེ་བ”
མེ་འཁོར་གྱི་ཐེངས་གྲངས་མང་པོ་བརྗེ་བཞིན་ཡོད་མོད། འོན་ཀྱང་མི་རྣམས་ལ་སེམས་འགུལ་ཐེབས་ཤོས་ནི་ཐོག་མཐའ་བར་གསུམ་དུ་འབབ་ཚུགས་དང་འཁོར་སྒྲོམ་ནང་ཉིན་ལྟར་ཞབས་ཞུའི་ལས་ལ་གཞོལ་བཞིན་པའི་གཟུགས་བརྙན་དག་རེད།
ཡེ་ཤེས་དར་རྒྱས་ནི་ལྷ་སའི་འགྲུལ་སྐྱེལ་འཁོར་སྐྱོད་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། ཁོང་གིས་མེ་འཁོར་འབས་ཚུགས་ཀྱིས་འགྲུལ་པ་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པ་ནས་ཞབས་འདེགས་ཞིབ་ཚགས་ཞུ་བའི་བར་གྱི་འགྱུར་ལྡོག་གི་བདེན་དཔང་བྱས་ཡོད།
ཁོང་གིས་འབབ་ཚུགས་ཀྱི་འཛུལ་སྒོ་ནས་མིག་མདུན་གྱི་རིག་ནུས་ཞིབ་དཔྱད་མ་ལག་ལ་མཛུབ་མོ་འཛུགས་ཀྱིན“2019ལོའི་གོང་དུ་ཚང་མ་ཤོག་བུའི་མེ་འཁོར་སྤ་སེ་ཡིན་པས་འགྲུལ་པས་རྟག་ཏུ་སྤ་སེ་བོར་བརླག་ཤོར་གྱི་ཡོད་ལ། ང་ཚོས་རྟག་ཏུ་སྒེར་དངུལ་བཏོན་ནས་ཁོང་ཚོར་སྤ་སེ་རྗེས་གསབ་བྱེད་རོགས་བྱེད་ཀྱི་ཡོད”ཅེས་བརྗོད།
ད་ཆ་འགྲུལ་པས་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གློག་སྒོར་སྦྱར་ཏེ་པར་ཆས་ཀྱི་མདུན་ནས་ངོ་བཤེར་བྱས་ཚེ་སྐར་ཆ་གཉིས་གསུམ་ནང་བདེ་བླག་ངང་སྐྱོད་ཐུབ་ཀྱི་ཡོད།
འབབ་ཚུགས་ནང་གི་ཞབས་ཞུ་ཙམ་མ་ཟད། མེ་འཁོར་ནང་གི་ཞབས་ཞུ་དེ་བས་ལེགས་པ་ཡོད།
2025ལོའི་ཟླ་2པར། མེ་འཁོར་ཐེངས་Z165གདང་ལར་འབྱོར་ཞིང་། ལོ་80ལྷག་ཙམ་ལ་སླེབས་པའི་བོད་རིགས་རྒན་མོ་བདེ་སྐྱིད་གློ་བུར་དུ་ཁྲག་ཤེད་འཕར་ཏེ་གདོང་སྨུག་པོར་གྱུར་ནས་དབུགས་གཏོང་དཀའ་བར་གྱུར་བས། རྒྱ་སྐད་ཐར་ཐོར་ཤེས་པའི་སྤུན་མཆེད་ཀྱིས་དངངས་སྐྲག་ཆེན་པོས“མེ་འཁོར་ཞབས་ཞུ་བ་ལགས། མགྱོགས་པོ་སྲོག་སྐྱོབ་དང”ཞེས་བརྗོད།
མེ་འཁོར་འགོ་འཛིན་ཞུས་ཅཱ་རུའེ་དེ་གར་འབྱོར་རྗེས་བོད་སྐད་ནས་ནད་གཞིའི་གནས་ཚུལ་སྐད་ཆ་འདྲི་ཞོར་དུ་ཉལ་ཁྲི་སྟོང་པ་བཀོད་སྒྲིག་བྱས་ནས་རྒན་མོ་ངལ་གསོ་རྒྱག་ཏུ་བཅུག རྒན་མོས་མེ་འཁོར་རྗེས་ཟིན་ཆེད་འཚབ་འཚུབ་ངང་ཁྲག་ཤེད་གཅོག་སྨན་བཟའ་རྒྱུ་བརྗེད་པ་ཤེས་འཕྲལ། ཁོང་གིས་གསོ་རླུང་ཁུག་མ་དང་མྱུར་སྐྱོབ་སྒམ་བླངས་ནས་རྒན་མོར་གསོ་རླུང་རྔུབ་དུ་བཅུག་པ་མ་ཟད་ཁྲག་ཤེད་ཀྱང་འཇལ། རྒན་མོ་བདེ་སྐྱིད་ཀྱི་གདོང་གཤིས་རིམ་བཞིན་ལེགས་སུ་ཕྱིན་པ་མཐོང་སྐབས་ཞུས་ཅཱ་རུའེ་དང་ཞབས་ཞུ་བ་ཚོའི་གདོང་ལས་གཞི་ནས་འཛུམ་མདངས་མངོན།
བདེ་སྐྱིད་དང་སྤུན་མཆེད་ཚོས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པར་ཞུས་ཅཱ་རུའེ་ཡིས“མེ་འཁོར་དེའི་ནང་ཡོད་པ་ནི་ལྷོ་ནས་བྱང་དུ་སྐྱོད་མཁན་གྱི་འགྲུལ་པ་ཙམ་མ་ཟད། མི་རིགས་ཁག་དབར་ལྟ་རེས་སྐྱོང་རེས་བྱེད་པའི་བརྩེ་སེམས་ཟབ་མོའང་ཡོད། མེ་འཁོར་ཞབས་ཞུ་བ་ནི་འགྲུལ་པའི་ནང་མི་ཡིན་པས། ང་ཚོ་ཡོད་ཚེ་ཚང་མ་བློ་བདེ་པོས་ཡུལ་སྐོར་བྱེད་ཆོག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
མི་ཐེངས་དུང་ཕྱུར་ལྷག་ཙམ་འགྲོ་འོང་ཐུབ་པ་ནི་མཁའ་ལམ་འདིའི་དོན་སྙིང་ཆེ་ཤོས་ཤིག་ཡིན། “སྐྱོད་ཐུབ་པ”ནས“ཡག་པོ་སྐྱོད་པའི”བར་གྱི་མེ་འཁོར་ཐོན་ཐེངས་རེ་རེ་དང་འབྱོར་ཐེངས་རེ་རེ་ལས་ས་མཐོ་དང་དུས་རབས་མཉམ་དུ་སྐྱོད་པའི་གོམ་སྟབས་བརྟན་པོ་ཞིག་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།