དབུ་ཤོག
  • ལྗོངས་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ། ལིའུ་ཅང་གིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-28

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཟླ་6ཚེས་26ཉིན་ལྗོངས་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་ཕྱག་གཏོང་གནང་བཞིན་པ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཟླ་6ཚེས་26ཉིན་ལྗོངས་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཟླ་6ཚེས་26ཉིན་ལྗོངས་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིའུ་ཅང་གིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་ཞིང་། ལའེ་ཅའོ་དང་། ཚེ་རིང་ཐར། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། བསྟན་པ། ཞུས་ཀྲི་ཝུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་དང་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་ལེགས་སྐྱེས་འབུལ་མཁན་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་གསལ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྣེ་ཁྲིད་གནང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་རང་ལྗོངས་སུ་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ནས། གུང་ཁྲན་ཏང་མིའི་བླ་ན་མེད་པའི་གཤིས་རྒྱུད་དང་བླ་ན་མེད་པའི་སྙིང་སྟོབས་གཅིག་སྡུད་ཐོག་མཚོན་པ་དང་། དུས་རབས་གསར་པའི་བོད་ཀྱི་ཏང་ཡོན་ལས་བྱེད་པའི་ཉམས་འགྱུར་གསར་པ་དང་གནས་ཚད་གསར་པ་གསོན་ཉམས་དོད་པོས་མངོན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་ངོས་འཛིན་དང་ལག་ལེན་བསྟར་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་དོན་དུ་ཏང་འཛུགས་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དམ་པོར་བསྲུངས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློའི་གོ་རྟོགས་མཐོ་པོ་ཡོང་བར་བྱེད་པ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ། དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་དོན་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་ཉམས་པར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་ལྟ་བ་དོན་དུ་གཉེར་རྒྱུ་མཐའ་འཁྱོངས་བྱས་ནས་བརྩེ་བ་ཆེན་པོས་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ་སོགས་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་ནུས་ཤུགས་ཡོད་རྒུས་སྐོང་བ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པའི་ལས་ཀ་བྱེད་སྟངས་མཐའ་འཁྱོངས་བྱས་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ལས་ཀའི་དམིགས་ཚད་གཏན་འཁེལ་དང་།

    ལས་ཀའི་བྱེད་ཐབས་འདོན་པ། ལས་ཀ་བཀོད་སྒྲིག་བཅས་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ཇུས་ཐག་གཅོད་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཇུས་ཐག་བཅད་རིགས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་ལེན་བསྟར་རིགས་འཕྲལ་ཐག་ཆོད་ཅིང་ནུས་པ་ལྡན་པ། ལས་དོན་སྒྲུབ་རིགས་ཁྲིམས་དང་མཐུན་ཞིང་ལས་ཕྱོད་ཆེ་བ་བཅས་ཏན་ཏིག་ཡོང་བར་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དེ་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྙིང་རུས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་དོན་འཁྱོལ་གནད་སྨིན་ཡོང་བར་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་བརྟེན་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་བརྟེན་ནས་གདེང་འཇོག་བྱེད་པ་དང་། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་དགོས། དུས་རབས་གསར་པའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། “སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འབོད་སྐུལ་ནུས་པ་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རྩ་བའི་དགོངས་གཞི་ནན་པོར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་འབད་བརྩོན་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྲིད་དོན་ལས་རྗེས་ཀྱི་གནས་ཚད་གནད་ལ་འཁེལ་པོ་ཡོང་བ་བཅས་བྱས་ཏེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་སྒུལ་ཤུགས་སྣོན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པའི་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་དྲན་རྟེན་མཉམ་པར་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།