དངོས་སྒྲུབ་དམངས་ཕན་གྱི་བྱ་ཐབས་ལ་བརྟེན་ནས་གཞུང་ལམ་ཤར་གཏོང་ཐུབ་པ།
—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་ དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་རིམ་སྤེལ་སྒྲིལ་གླེང་ཉེར་གཅིག་པ།
“གཟི་བརྗིད་མཚན་སྙན་འདི་གངས་ལྗོངས་ས་མཐོའི་འགྲིམ་འགྲུལ་བ་ཚང་མར་དབང་བ་ཞིག་རེད”ཅེས་ཆབ་མདོའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་རི་བོ་ཆེ་བདག་སྐྱོང་དུམ་བུའི་ལས་ཁུལ་དང་པོའི་ལས་ཁུལ་དཔོན་སྤེན་པས་ལག་ཏུ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས་ཁྱེར་ནས་སྐད་ཤུགས་ཆེན་པོས་དེ་ལྟར་བརྗོད།
བདག་སྐྱོང་འཐབ་ས་དང་པོར་ལོ་བཅུ་ལྷག་ཙམ་གཞི་ཚུགས་ཏེ་ཉེན་སེལ་དང་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་སྤེན་པའི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད། ཁ་བ་ཆེན་པོ་བབས་ནས་རི་ལམ་འགག་པ་དང་། ལམ་ངོས་སུ་འཁྱགས་པ་ཐེབས་པ། རི་ཉིལ་བ། རླངས་འཁོར་ལ་ཉེན་ཁ་འཕྲད་པ་སོགས་ཀྱི་ཐོལ་བྱུང་གི་གནས་ཚུལ་ཐོན་རིམ་བཞིན་ཁོང་གིས་འཐབ་ཕྱོགས་མདུན་མར་སྐྱོད་ཀྱི་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྤྱི་འདོམས་བཀོད་སྒྲིག་འོག ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་འཐབ་ཕྱོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་གངས་ལྗོངས་ས་མཐོར་རིམ་བཞིན་བསྐྲུན་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་ལ་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།
ས་ཁོངས་ཡོངས་སུ་གཞུང་ལམ་བསྐྲུན་པས་འགྲོ་སྐྱོད་ལ་དེ་བས་སྟབས་བདེ་བྱུང་བ།
“ལམ་ཤར་གཏོང་ཐུབ་པས་འགྲུལ་བཞུད་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཁུང་མདའ་གྲོང་ཚོ་ཁུང་མགོ་ནང་རང་བྱུང་གྲོང་ཚོའི་འབྲོག་པ་ཕུན་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བརྗོད་པ་དང་། “དེ་སྔ་གྲོང་ཚོའི་ལམ་བུ་ཁོད་སྙོམས་པོ་མེད་པ་དང་གངས་དང་ཆར་པ་འབབ་སྐབས་དེ་བས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད།
ད་ཆ་ལམ་བུ་གསར་པ་ཁོད་སྙོམས་ལ་རྒྱ་ཆེ་བས་ལམ་བར་ཆུ་ཚོད་གཅིག་ཙམ་ཐུང་དུ་ཕྱིན་པ་མ་ཟད། དངོས་ཟོག་ཀྱང་སྐྱེལ་འདྲེན་བྱེད་བདེ་པོ་འདུག”ཅེས་བཤད།
མང་ཚོགས་ཕྱིར་སྐྱོད་དཀའ་གནད་ནི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གཙོ་གནད་དུ་དོ་ཁུར་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པའི་དམངས་འཚོའི་དོན་དངོས་ཤིག་རེད། “ང་ཚོས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཁུང་མདའ་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་གྲོང་ཚོའི་གཞུང་ལམ་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭར་མཐུན་སྦྱོར་དང་སྐུལ་འདེད་བཏང་ཡོད”ཅེས་བྲག་ཁུང་མདའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ལས་དོན་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བཤད།
ལས་དོན་རུ་ཁག་གིས་སྤྱོད་ཚུལ་ནན་པོར་བརྟེན་ནས་འཐབ་ཕྱོགས་དང་པོར་རྩད་ཞིབ་ཐིག་ལེན་བྱས་པ་དང་འབྲོག་པ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ཐུབ་བྱས་ནས་ལམ་ཐིག་དང་ཆུ་འབུད་སོགས་ཀྱི་ཇུས་འགོད་ཞིབ་ཕྲ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་རེད།
2025ལོའི་ཟླ་5ཚེས་11ཉིན། རིང་ཚད་ལ་སྤྱི་ལེ་2.2དང་ཞེང་ཚད་ལ་སྨི་5ཡོད་པའི་དམངས་ཕན་གྲོང་ཚོའི་གཞུང་ལམ་ལས་གྲྭ་ལས་འགོ་ཚུགས་པ་རེད། འཛུགས་སྐྲུན་དཔུང་ཁག་གིས་མཐོ་གྲང་གསོ་རླུང་དཀོན་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ལས་བྱེད་པས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་མཐར་ཟླ་ཤས་སོང་རྗེས་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་སྤྱི་ལེ་ཁྲི་12.52ཟིན་པ་དང་། རིམ་ལྡན་གཞུང་ལམ་སྤྱི་ལེ་ཁྲི་11ཟིན་པ། རྒྱལ་ལམ་དཀྱུས་མའི་རིམ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་95%ཟིན་པ། “གཞུང་བཞི་འཕྲེད་གསུམ་བགྲོད་ལམ་བརྒྱད”ཀྱི་གཞུང་ལམ་དྲ་བའི་སྒྲོམ་གཞི་གཙོ་བོ་དང“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”གཞི་རྩའི་ཆ་ནས་བསྐྲུན་པ། བོད་ནས་འགྲོ་འོང་བྱེད་པའི་མ་ལམ་རིམ་སྤོར་བྱས་པ། རྒྱལ་ལམ་318ལེགས་གཏོང་སྒྱུར་བཀོད་བྱས་རྗེས་ལམ་ཐག་སྤྱི་ལེ་120ཙམ་ཐུང་དུ་ཕྱིན་པ། མང་ཚོགས་བོད་དུ་ཡོང་བའི་དུས་ཡུན་ཆུ་ཚོད་2ཙམ་དུ་ཐུང་དུ་ཕྱིན་པ་བཅས་རེད། མཚོ་བོད་དང་། ལྷ་གཞིས། ལྷ་ཉིང་བཅས་ལྕགས་ལམ་གྱི“Y”དབྱིབས་ཀྱི་ལྕགས་ལམ་མ་ལམ་དེ་ས་ཁུལ་དང་གྲོང་ཁྱེར་ལྔར་ཤར་གཏོང་ཐུབ་པ་དང་། མཁའ་འགྲུལ་གྱིས“མ་ལམ་གཅིག་དང་ཡན་ལག་ལམ་མང་བའི”བཀོད་པ་བསྐྲུན་ནས་མཁའ་ལམ་200ལྷག་ཙམ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་80ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད།
ཞབས་ཞུ་ཞིབ་ཚགས་དང་འགྲུལ་བཞུད་དེ་བས་སྐྱིད་སྣང་དོད་པ།
“ཚད་བརྒལ་བཅོས་སྐྱོང་བྱེད་པར་ཆད་གཅོད་ཁོ་ནར་མི་བརྟེན་པར་དེ་བས་སློབ་གསོར་ཁྲིད་སྟོན་ཡག་པོ་བྱེད་དགོས”བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྤྱི་ཁྱབ་རུ་ཁག་གཞུང་ལམ་འཛུགས་སྐྲུན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་ཆི་ཁྲང་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གཏན་འཇགས་ཚད་བརྒལ་ཞིབ་དཔྱད་ཚད་ལེན་ས་ཚིགས་མང་པོ་ཞིག་ཏུ་བདེ་འཇགས་ཉེན་བརྡའི་སློབ་གསོ་ཁང་བཙུགས་ཡོད། ཕུགས་ཕན་བཅོས་སྒྲིག་འོག་ལྷ་ནག་མྱུར་བགྲོད་གཞུང་ལམ་གྱི་ཟོག་འདྲེན་རླངས་འཁོར་ཚད་བརྒལ་བཅོས་སྒྲིག་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་2021ལོར་ཐོག་མར་རླངས་འཁོར་ཤར་གཏོང་ཐུབ་སྐབས་ཟོག་འདྲེན་རླངས་འཁོར་གྱི་ལྗིད་ཚད་ཚད་བརྒལ་4.8%ཟིན་པ་དེ་ད་ཆ་1.87%བར་བརྟན་པོ་ཆག་ཡོད།
དེ་དང་ཆབས་ཅིག ས་ཚིགས་ཁག་གིས་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བར་རིན་མེད་ངང་འཐུང་ཆུ་དང་། སྟབས་བདེའི་ལྟོ་ཆས། རྒྱུན་མཁོའི་སྨན་རྫས། གསོ་རླུང་བཅས་མཁོ་འདོན་བྱེད་ཀྱི་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཚད་ལྡན་ཅན་གྱི“ཁ་ལོ་བའི་ཁྱིམ”རིན་མེད་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བར་སྒོ་ཕྱེ་ནས་ལམ་ཐག་རིང་བའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་དེ་གར་ངལ་གསོས་ཆོག ས་ཚིགས་ནང་ད་དུང་ལེ་ལག་ཚང་བའི་ནུས་རྒྱུ་གསར་པའི་གློག་གསབ་ཁང་དང་གསོ་རླུང་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བེད་སྤྱོད་བྱེད་ཆོག
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཞབས་ཞུའི་འགག་སྒོའི་ནུས་པ་རྒྱུན་མཐུད་ནུས་ཕྱོད་ཆེ་རུ་བཏང་སྟེ། དམངས་ལ་ཕན་པའི་བྱ་ཐབས་ལ་བརྟེན་ནས“མི་དམངས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་སྐྲུན་པའི”འདུ་ཤེས་ལག་ལེན་བསྟར་བ་དང་། མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ཡིན་མིན་དང་། སྟབས་བདེ་ཡིན་མིན། སྐྱིད་མིན་བཅས་ལ་ཞིབ་བཤེར་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ཐོན་པ་བྱས་ཡོད།
གཞུང་ལམ་ཤར་གཏོང་ཐུབ་པས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་ཕྱིན་པ།
གཞིས་རྩེ་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་ཨར་འདམ་ལམ་ཞིག་ལུག་གསོ་ར་བའི་མཉམ་ལས་ཁང་གི་སྒོ་བར་ཤར་གཏོང་ཐུབ་ཡོད། ལམ་སྣེ་གཅིག་འབྲོག་རར་མཐུད་པ་དང་གཅིག་ཤོས་རྒྱལ་ལམ་219དང་སྦྲེལ་ཡོད།
མཉམ་ལས་ཁང་གི་གཉེར་པ་མགོན་པོས་རང་གི་ལུག་ཚང་མ་མཉམ་སྡེབ་ལ་བཅུག་པས་ལོ་ལྟར་བགོ་འགྲེམས་སྒོར་ཁྲི་9ལྷག་ཙམ་རག་གི་ཡོད། རླངས་འཁོར་ཤར་གཏོང་མ་ཐུབ་གོང་གི་གནས་ཚུལ་སྐོར་གླེང་སྐབས། ཁོང་གིས“དེ་སྔ་མཉམ་ལས་ཁང་གི་སྒོ་འགྲམ་དུ་ཨར་འདམ་ལམ་མེད་པས་འགྲོ་འོང་བྱེད་སྐབས་ངེས་པར་དུ་གཙང་པོ་སྒྲོལ་དགོས། གངས་ཆར་བབ་སྐབས་ལུག་འཚོང་བའི་དུས་ཚོད་ཡག་ཤོས་འཐུས་ཤོར་ཕྱིན་ནས་རིན་གོང་མཐོ་པོ་རག་གི་མེད”ཅེས་བཤད།
2022ལོ་ནས་བཟུང་། ལམ་ཐག་སྤྱི་ལེ་2ཡོད་པའི་སར་རླངས་འཁོར་སྐར་མ་10ལྷག་ཙམ་ལས་འགྲོ་མི་དགོས་པའི“དམངས་ཕྱུག་ལམ་བུ”བསྐྲུན་ནས་གམ་པ་རྫོང་གི་མང་ཚོགས་ཀྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། གམ་པའི་ལུག་གི་ཁྱད་ལྡན་ཐོན་ལས་སྤུས་རྟགས་རྒྱུན་མཐུད་བཏོད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6595གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་9.44ཟིན་པ། ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་100%དང་92.48%སོ་སོར་ཟིན་ཡོད།
འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་པས་ལ་བརྒྱབ་ཀླུང་བརྒལ་དང་ཐག་རིང་དུ་སློབ་སྦྱོང་དང་སྨན་བཅོས་བྱེད་པར་བསྐྱོད་པ་ལོ་རྒྱུས་སུ་གྱུར་པ་དང་སྤུས་ལེགས་ཀྱི་སྨན་བཅོས་དང་སློབ་གསོའི་ཐོན་ཁུངས་ཐག་རིང་ཞིང་འབྲོག་ཁུལ་དུ་ཁྱབ་ཡོད།
ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་ལམ་དྲས་ཟོག་འདྲེན་གྱི་མ་གནས་དམའ་རུ་ཕྱིན་ནས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་རི་ཁུག་ནས་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཐུབ་ཀྱི་ཡོད།
བོད་ཀྱི་འགྲོ་འོང་སྟབས་བདེ་ཅན་གྱི་འགྲོ་ལམ་གྱིས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཆེ་རུ་ཕྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་པའི་གཞུང་ལམ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ཡག་པོ་སྲུང་བའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་པ་དང་། ས་གནས་ཁག་གི་མང་ཚོགས་འགྲོ་འོང་དང་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།