བཟོ་བོའི་བློ་ཡིས་སྐྱིད་པའི་ཁྱིམ་གཞིས་བསྐྲུན།
—— བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་འདེགས་སྐྱོར་བྱས་པའི་སྐོར་བཀོད་པ།
བོད་ཁང་གསར་པ་གྲལ་སྟར་འགྲིག་ལ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་མ་ཟད། སྔོ་ལྗང་རི་བོ་དང་ཐང་ཆེན་ཕན་ཚུན་སྤེལ་ཟླར་གྱུར་ནས་ཉམས་དགའ་བའི་མཛེས་ལྗོངས་ཤིག་ཆགས་ཡོད། དེས་ན། དེ་སྔའི་གྱང་རོས་ཁེངས་པའི་ཡུལ་དེ་ནི་ད་ཆ་ལྷིང་འཇགས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་ཅིག་ཏུ་གྱུར་ཡོད་པ་རེད།
རང་སྐྱོང་ལྗོངས་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གིས་བཟོ་བོའི་བློ་ལ་བརྟེན་ནས་དམངས་འཚོ་སྲུང་སྐྱོང་གིས་གེགས་ཁུལ་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་རེད།
དཀའ་ངལ་ལ་མ་འཛེམས་པར་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ།
ས་ཡོམ་གྱི་གནོད་འཚེ་ཐོན་རྗེས། བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གིས་འཕྲལ་མ་ཉིད་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ། མཚོ་སྔོན་མིང་ལུན་བོད་སྐྲུན་འཛུགས་སྐྲུན་ཇུས་འགོད་ཀུང་སི་དང་མཉམ་དུ་ཇུས་འགོད་ཚོགས་པ་བཙུགས་ནས། གེགས་རྗེས་ཀྱི་བོད་བཟོའི་སྡོད་ཁང་བསྐྱར་སྐྲུན་ཇུས་འགོད་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་རེད།
ཇུས་འགོད་དོན་དངོས་དང་མཐུན་ཞིང་དམངས་ཀྱི་བློ་ཁ་དང་མཐུན་པར་བྱ་ཆེད། ཇུས་འགོད་ཚོགས་པས་གནོད་འཚེ་ཕོག་ཁུལ་དུ་ཇུས་འགོད་ཀྱི་ལས་དོན་སྤེལ་བ་མ་ཟད་མང་ཚོགས་ལ་སྐད་ཆ་དྲིས་ནས་ཇུས་གཞི་ལེགས་པར་བཏིང་པ་རེད། ཐོ་རེངས་སྐྱ་མདའ་བཏང་མ་ཐག་ཁོང་ཚོས་རི་ལམ་ཀྱག་ཀྱོག་བརྒྱུད་ནས་ས་གཤིས་ཆ་རྐྱེན་ལ་རྩད་ཞིབ་ཞིབ་ཚགས་དང་ཁང་པའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་ཡོད། དགོང་མོ་ས་རུབ་ལ་ཉེ་ཡང་ཁོང་ཚོས་སྔར་བཞིན་མང་ཚོགས་ཀྱི་ཁྱིམ་དུ་གྲོས་བསྡུར་ཡུན་རིང་བྱེད་ཀྱིན་མང་ཚོགས་ཀྱི་བསམ་ཚུལ་དང་རེ་ཞུ་ནན་ཏན་ངང་ཉན་གྱི་ཡོད།
ཁང་པའི་བཟོ་ལྟ་ནས་སྒོ་རའི་རྣམ་པའི་བར་དང་། འཚོ་བའི་ཉེར་མཁོ་ནས་ཐོན་སྐྱེད་ཀྱི་དགོས་མཁོ་བར། ཨར་སྐྲུན་གྱི་རྣམ་པ་ནས་སྡོད་གནས་ཀྱི་བར་མཐོངས་བར། ཁོང་ཚོས་དུད་ཚང་ཚང་མའི་མང་ཚོགས་ཀྱི་བསམ་འདུན་རེ་རེ་བཞིན་ཐོ་རུ་བཀོད་ནས་སེམས་ལ་བརྟན་པོར་ངེས་ཀྱི་ཡོད།
ཨར་སྐྲུན་གྱི་འཕེལ་རིམ་འགན་ལེན་བྱ་ཆེད། 2025ལོའི་དཔྱིད་གསར་དུས་ཆེན་རིང་། ཇུས་འགོད་ཁང་གི་ལས་བྱེད་ལས་བཟོ་125ཡིས་ཕ་ཡུལ་དུ་ལོ་གསར་གཏོང་བར་མ་ཕྱིན་པར་ཉིན་མཚན་དབྱེར་མེད་ངང་འབད་འཐབ་ཀྱིས་ཇུས་འགོད་ལས་དོན་ལ་དམ་འཛིན་བྱས་པས། ཁང་པའི་བཟོ་ལྟ་6དང་ཇུས་གཞི་200ལྷག་ཙམ་ལེགས་སྒྲུབ་བྱེད་པར་ཉིན་15ལས་འགོར་མེད། ཉིན་30ཡི་ནང་གྲོང་ཚོ་35ཡི་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་གྱི་ཨར་ལས་དཔེ་རིས་དང་། དུད་ཚང་7050ཡི་གཅིག་གྱུར་འཆར་འགོད་དང་རང་སྐྲུན་གྱི་ཨར་ལས་དཔེ་རིས། དུད་ཚང་7764གི་ཡོམ་འགོག་བརྟན་གཏོང་གི་ཨར་ལས་དཔེ་རིས་བཅས་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས། སླར་གསོ་བསྐྱར་སྐྲུན་ལ་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱས་ཡོད།
དགོས་མཁོ་དང་ཐབས་ཇུས་དམངས་ལ་དྲིས་ནས་མཉམ་ཤུགས་ཆགས་པར་བྱས་པ།
“དུད་ཚང་རེར་སྒོ་ར་རེ”ཇུས་འགོད་བྱས་པས་འཚོ་བའི་ཁུལ་དང་ཐོན་སྐྱེད་ཁུལ་ལུགས་མཐུན་དབྱེ་ནས་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་སོར་འཇོག་ཐུབ་པ་མ་ཟད། མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་ལའང་སྟབས་བདེ་བསྐྲུན་ཡོད། མཛེས་ཤིང་ལྟ་ན་སྡུག་པའི་བད་ཕུར་དང་། གནའ་ཉམས་དོད་པའི་ཤམ་བུ། བདེ་ཞིང་ཁོད་སྙོམས་པའི་མཁར་ཁང་གི་ཐོག་ཁ་སོགས་ཞིབ་ཆ་རེ་རེ་ལས་དེང་རབས་ཀྱི་མཛེས་དཔྱོད་དང་མཐུན་པའི་བོད་བཟོའི་བཟོ་བཀོད་ཀྱི་སྲོལ་རྒྱུན་གྱི་ཉམས་འགྱུར་མངོན་ཡོད།
ཡུལ་མིའི་སྡོད་ཁང་ཡོངས་ཇུས་འགོད་བྱེད་པར་ཡོམ་འགོག་ཚད་གཞི་ཏུའུ་8ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཡོད། ལས་དོན་པས་གྲུབ་ཆའི་གྲངས་གཞི་རྩིས་ཡང་ཡང་རྒྱག་པ་དང་། ལྕགས་རྩིབས་བཀོད་སྒྲིག་ལེགས་སུ་གཏོང་བ། ཨར་ལས་དཔྱད་གྲངས་བསྡུར་བ་བཅས་བྱས་ཏེ། འཛུགས་སྐྲུན་གྱི་མ་གནས་ཚོད་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་འོག་སྡོད་ཁང་གསར་པ་ཚང་མ་བརྟན་དུ་གཏོང་གང་ཐུབ་བྱས་པ་རེད།
ཞིང་ནང་དང་མུ་ཁ་དང་ཞིང་དུད་སྒོ་ར་སོགས་གནས་སྐབས་གཞུང་ལས་ཁང་དུ་གྱུར་ཞིང་། ལས་དོན་མི་སྣས་དཔེ་རིས་བསྐྱར་བཟོ་དང་ཇུས་གཞི་བཟོ་བཅོས་ཐེངས་མང་བརྒྱབ་པ་དང་ཆབས་ཅིག རང་འགུལ་ངང་གྲོང་མི་སྐད་བཏང་ནས་ཁོང་ཚོའི་བསམ་ཚུལ་ལྷུག་གླེང་དང་ཇུས་འགོད་ལ་གྲོས་བསྡུར་བྱེད་དུ་བཅུག་སྟེ། མང་ཚོགས་ཚོ“གཞན་གྱིས་བཀོད་སྒྲིག་བྱས་པ”ནས“རང་འགུལ་ངང་ཞུགས་མཁན”དུ་འགྱུར་བར་བྱས་ཡོད། “སོ་སོའི་སྡོད་ཁང་གསར་པའི་འཆར་འགོད་ནང་དངོས་སུ་ཞུགས་རྒྱུ་བྱུང་བས་ང་ཚོ་བློ་བདེ་པོ་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཟིང་དཀར་གྲོང་ཚོའི་ཡུལ་མི་དོན་གྲུབ་ཀྱིས་བཤད།
དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་མཐའ་འཁྱོངས་བྱས་པས་བསྐྱར་སྐྲུན་ལས་གྲྭར་ཚད་གཞི་མཐོ་བའི་འཛུགས་སྐྲུན་སྤུས་ཚད་ཡོད་ལ་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་དམངས་འཚོའི་དྲོད་ཚད་ཀྱང་ཡོད། ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་མཉམ་སྐྲུན་བྱས་པ་དེ་ས་མཐོའི་གེགས་རྗེས་བསྐྱར་སྐྲུན་གྱི་ངོ་མཚར་བཏོད་པའི་གདེང་ཚོད་དང་འདེགས་སྐྱོར་ཆེ་ཤོས་སུ་གྱུར་ཡོད།
ཆེད་ལས་གཞོགས་འདེགས་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡུལ་མི་བཀྲ་ཤིས་ནོར་བུའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པར་ཉི་འོད་རབ་ཏུ་འཕྲོ་ཞིང་། དེང་རབས་ཅན་གྱི་ཐབ་ཚང་དང་། གསང་སྤྱོད། ཚོམས་ཆེན། ཉལ་ཁང་བཅས་ཀྱི་བཀོད་པ་ལུགས་དང་མཐུན་ལ་སྒྲིག་བཀོད་ཆ་ཚང་པོ་འདུག ཚོམས་ཆེན་ནང་བདེ་སྐྱིད་འཚོ་བ་མཚོན་པའི་ནང་མིའི་ལྷན་པར་ཞིག་ཀྱང་བཞག་འདུག
རྣམ་གྲངས་འཛུགས་སྐྲུན་བྱས་ཚུན་དུ། བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གིས་ལག་རྩལ་མི་སྣའི་ཞབས་ཞུ་འགན་ལེན་ལམ་སྲོལ་བཙུགས་ནས་རྐང་འཛིན་པ་10རྒྱུན་སྡོད་དང་ལག་རྩལ་མི་སྣ་85ལས་རེས་བྱེད་པར་མངགས་ཐོག་ཚོགས་པ་བཙུགས་ནས་ལག་རྩལ་མཛུབ་ཁྲིད་དང་བརྒྱུད་རིམ་ལ་ལྟ་འདོམས་བཅས་ཀྱི་ལས་རིམ་ཧྲིལ་པོར་ཞུགས་པ་དང་ཆབས་ཅིག ས་གནས་སྲིད་གཞུང་དང་ཨར་ལས་ཚན་པ་དང་མཉམ་ལས་ཤུགས་འདོན་བྱས་ནས། སྤུས་ཚད་དང་། བདེ་འཇགས། དེ་བཞིན་འཛུགས་སྐྲུན་གྱི་འཕེལ་རིམ་བཅས་འགན་ལེན་བྱས་པ་རེད།
ད་ཆ་གྲལ་སྟར་འགྲིག་པའི་ཡུལ་མིའི་སྡོད་ཁང་རེ་རེ་ལས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་གསར་པའི་རྣམ་པ་མངོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།