དབུ་ཤོག
  • ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ།

    དངུལ་རྩའི“དུས་ཐོག་ཆར་པས”ས་མཐོའི་འབྲོག་ར་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-28

    ད་ལོའི་ཟླ་3པར། ས་བབ་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གངས་ཆེན་ཤང་གི་བྱང་རྒྱུད་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁུལ་དུ་གཙོད་མི་ཉུང་བ་རྩྭ་ཟ་བཞིན་ཡོད་པ་དང་རྐྱང་ཁྱུ་གང་སར་རྒྱུག་བཞིན་མཆིས། བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པའི་ས་མཐོའི་འབྲོག་རར་སྒྲོལ་དཀར་ཁྱིམ་ཚང་འབྲོག་རའི་འབྲི་གཡག་119གེགས་མེད་བདེ་འཁོད་ངང་ནས་དགུན་སྒྲོལ་ཐུབ་ཡོད།

    མིག་མདུན་གྱི་ཡོད་ཚད་མཐོང་བའི་རྗེས་སུ་འབྲོག་རའི་སྦྱིན་བདག་གི་སེམས་པ་གཞི་ནས་ལྷོད་ལ་བབས།

    འབྲོག་ར་དེ་ནི་ས་གནས་དེ་གའི་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་གཉེར་སྐྱོང་བྱེད་པོ་གསར་པ་ཞིག་ཡིན་མོད། འོན་ཀྱང་སྐབས་ཤིག་རིང་མ་དངུལ་འཁོར་རྒྱུག་ཁག་པོ་བྱུང་ནས་འབྲོག་རར་དཀའ་ངལ་འཕྲད་པ་སྟེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ཇི་ལྟར་བྱེད་དགོས་པ་དེ་རེད།

    ཞིང་ལས་དངུལ་ཁང་སྦྲ་ཆེན་རྫོང་ཉིང་ལག་དངུལ་ཁང་གིས“དངུལ་རྩའི་ཞབས་འདེགས་འབྲོག་ཁུལ་དུ་ཞུ་བའི”བྱེད་སྒོ་སྤེལ་རིང་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། འབྲོག་རའི་གནས་ཚུལ་ལ་གཞིགས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཀོད་ཡོད།

    ཡུན་རིང་མ་སོང་བར“ཁྱིམ་ཚང་འབྲོག་ར”ཞེས་པའི་བློ་རིག་འབྲོག་ལས་དངུལ་བུན་བདེ་བླག་ངང་ལག་འབྱོར་བྱུང་ནས་འབྲོག་རའི་དཀའ་གནད་ཐག་གཅོད་ཐུབ་པ་རེད།

    མ་དངུལ་ལག་འབྱོར་བྱུང་རྗེས་གཟན་རྩྭ་ཉོ་བའི་མ་དངུལ་མི་འདང་བ་དུས་ཐོག་ཏུ་ཁ་གསབ་བྱས་ཏེ། འབྲི་གཡག་ལ་སྟེར་བའི་གཟན་རྩྭ་སྔ་ས་ནས་གྲབས་གསོག་འདང་ངེས་བྱས་པ་དང་། ལྷས་ར་ཉམས་གསོ་དང་སྲུང་སྐྱོང་བྱས་ནས་གེགས་འགོག་ཕྱུགས་སྲུང་གི་ནུས་པ་ཆེ་རུ་བཏང་བས་ས་མཐོའི་འབྲོག་ཁུལ་གྱི་ཐོན་སྐྱེད་དགོས་མཁོ་དང་དེ་བས་འཚམ་མཐུན་བྱུང་ཡོད། འབྲོག་བདག་ལ་དེ་བས་དགའ་བ་དཔག་མེད་བྱུང་དོན་་ནི་དངུལ་བུན་དེ་དག་ལག་པར་རག་རྗེས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་བ་དང་། རྩྭ་ཕྱུགས་དོ་སྙོམས་མཐའ་འཁྱོངས་བྱེད་པ། ཕྱུགས་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། འབྲི་གཡག་ཤ་སྤུས་དག་ཏུ་གཏོང་བ་བཅས་བྱས་ཏེ། “ང་རང་ལ་སྦྲ་ཆེན་དུ་འབྲོག་ར་ཡོད་ལ། འབྲི་གཡག་ཀྱང་ཡོད”ཅེས་པའི་ཁྱད་ལྡན་སྤུས་རྟགས་ལེགས་གཉེར་བྱེད་ཆོག་པ་དེ་རེད།

    ཞིང་ལས་དངུལ་ཁང་སྦྲ་ཆེན་རྫོང་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས“དངུལ་རྩའི་ཞབས་འདེགས་འབྲོག་ཁུལ་དུ་ཞུ་བའི”བྱེད་སྒོ་ནི“འབྲོག་ལས་ལ་བརྟེན་ནས་རྫོང་ཡོངས་ཀྱི་འབྲོག་པའི་ཡོང་འབབ་བརྟན་དུ་གཏོང་བ”དང“སྐྱེ་ཁམས་ལ་བརྟེན་ནས་རྫོང་ཡོངས་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད། “ཁྱིམ་ཚང་འབྲོག་ར”ཞེས་པའི་བློ་རིག་འབྲོག་ལས་དངུལ་བུན་ཐོག་མ་བདེ་བླག་ངང་དོན་འཁྱོལ་བྱུང་སྟེ། སྒྲོལ་དཀར་ཁྱིམ་ཚང་འབྲོག་རའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། དངུལ་རྩས་ས་མཐོའི་ཁྱད་ལྡན་འབྲོག་ལས་ལ་ཞབས་འདེགས་ཞུ་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་ནུས་ལྡན་དེ་བས་ཀྱང་འཚོལ་ཞིབ་ཐུབ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།