ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་མཇལ་འཛོམས་གནང་བ།

ཟླ་6ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཁམ་ཕུ་ཁྲེའི་འགོ་ཁྲིད་དེ་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་དར་རྒྱས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་སྨོན་འདུན་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་4པར། ང་རང་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲིར་ཡོང་སྟེ་ཁམ་ཕུ་ཁྲེའི་འགོ་ཁྲིད་པ་དང་མཉམ་དུ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཁམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་རྩོམ་འགོ་བཙུགས་ཡོད། ལོ་གཅིག་ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས། ཀྲུང་ཁམ་དབར་གྱི་སྲོལ་རྒྱུན་མཛའ་མཐུན་ལས་དུས་རབས་ཀྱི་ནང་དོན་གསར་པ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས་ཁམ་ཕུ་ཁྲེས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་དེ་བཞིན་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་སྲུང་དང་། འཕེལ་རྒྱས་དོན་གཉེར། དར་རྒྱས་མཉམ་གཏོད་བཅས་བྱས་ཏེ། ཀྲུང་ཁམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་མིག་དཔེ་སྟོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས། ཀྲུང་ཁམ་རྒྱལ་ཁབ་གཉིས་པོས་མཉམ་དུ་འགྱུར་ལྡོག་ཁྲོད་འགན་འཁྲི་འཁུར་བ་དང་ཟང་ཟིང་ཁྲོད་བདེན་ལམ་བསྲུངས་ཏེ་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ཆེད་བརྟན་བརླིང་རང་བཞིན་དེ་བས་མང་བ་སྣོན་དགོས་པ་སྟེ། གཅིག་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་གྱིས་གྲུབ་འབྲས་ཐོབ་ཀྱང་དེ་བས་འབད་བརྩོན་བྱས་ཏེ་ཕན་ཚུན་ཡིད་ཆེས་ཀྱི་ཆུ་ཚད་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱེད་དགོས།
ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་འདོད་ཡོད། གཉིས་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཤིང་། ཕྱོགས་གཉིས་པོས“བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་རིང”དང“ཉ་དང་འབྲས་ཀྱི་ཁྱམས་རིང”ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཁམ་རང་མོས་ཚོང་དོན་གྲོས་ཆོད་ཀྱི་གཏིང་ཤུགས་གང་ལེགས་བཏོན་ཏེ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ལས་དམངས་འཚོར་ཕན་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་བཏང་ནས་ཀྲུང་ཁམ་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། གསུམ་ནས་རང་རང་སོའི་སོའི་རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་བདེ་འཇགས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཚར་གཅོད་བྱེད་པའི་ཁམ་ཕུ་ཁྲེ་ཕྱོགས་ཀྱི་ཆོད་སེམས་དང་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ནས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་མུ་མཐུད་ཤུགས་བརྒྱབ་ནས་གློག་འཕྲིན་ཁ་བསླུས་ཀྱི“དུག་སྐྲན”རྦད་དེ་མེད་པར་བཟོ་འདོད་ཡོད། བཞི་ནས་འཐབ་ཇུས་མཉམ་ལས་ཀྱི་མིག་དཔེ་གཏོད་དགོས་ཤིང་། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་འབྲེལ། དང་ཐོག་ཀྲུང་གོ་ཕྱོགས་ལ་བཏོན་པའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་ལ་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་གྱི་གཞི་ཚུལ་དང་མཉམ་ལས་གཉིས་ཕན་གྱི་ཁ་ཕྱོགས་ཆེན་པོར་སྲུང་སྐྱོང་དེ་བས་ལེགས་པ་བྱེད་འདོད་ཡོད།
ཧུང་སེན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཀྲུང་གི་མཛའ་གྲོགས་བློས་ཐུབ་དང་དེ་བཞིན་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཁམ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་གདེང་འཇོག་ཆེན་པོ་གནང་བར་ང་རང་རྦད་དེ་མོས་མཐུན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་ཁམ་ཕུ་ཁྲེ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།