དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཐ་ལི་ཁེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-28

    ཟླ་6ཚེས་26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཐ་ལི་ཁེ་དང་མཇལ་འཛོམས་གནང་བ།

    ཟླ་6ཚེས་26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཐ་ལི་ཁེ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་དུས་རབས་གསར་པའི་ཀྲུང་བྷང་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་སྔར་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་བྷང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་བྷང་ག་ལའི་མི་དམངས་ཡོངས་ལ་ཁ་ཕྱོགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་བྷང་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་ཡག་པོ་དང་། ཁྱིམ་མཚེས་ཡག་པོ། རོགས་ཟླ་ཡག་པོ་བཅས་བྱེད་ཀྱི་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན། ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ང་ཚོས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དབུལ་ཕོངས་ཉམས་ཞན་ལས་གྲོལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་བཏོད་ཡོད། དེ་ནི་རང་བཙན་རང་བདག་དང་རང་ཚུགས་རང་དར་མཐའ་འཁྱོངས་དང་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ནས་རྒྱལ་ཁབ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་ཕྱི་ཕྱོགས་ནས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། སླད་ཕྱིན་བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིམ་པ་ཁག་དབར་གྱི་འགྲོ་འོང་མང་དུ་གཏོང་རྒྱུ། འཐབ་ཇུས་འབྲེལ་འདྲིས་ཟབ་ཏུ་གཏོང་རྒྱུ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་རྒྱུ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་རེས་བྱ་རྒྱུ་བཅས་ཀྱི་འདོད་མོས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་། ཁྱིམ་མཚེས་རྒྱལ་ཁབ་བདེ་འཁོད། ཁྱིམ་མཚེས་རྒྱལ་ཁབ་ཕྱུག་འགྱུར་བཅས་ཀྱི་སྲིད་ཇུས་དང་ཁོང་ཡངས་མཛའ་མཐུན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པས་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྦྱིན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་སྲིད་གཞུང་གསར་པས་བདེ་བླག་ངང་སྲིད་སྐྱོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག བྷང་ག་ལ་ཕྱོགས་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ། འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས། གཙོ་གནད་མཉམ་ལས་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད། ལྗང་མདོག་ཐཱན་ཉུང་དང་། གྲངས་འཛིན་དཔལ་འབྱོར། ཆ་འཕྲིན་ལག་རྩལ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། སྨན་བཅོས་དང་། རིག་གནས། སློབ་གསོ། ས་གནས་སོགས་ཀྱི་སྤེལ་རེས། ཀྲུང་བྷང་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བཏང་ནས་ས་ཁུལ་དབར་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་ལུགས་མཐུན་གྱི་ཁེ་དབང་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་སྔར་ལས་ཡག་པ་བྱེད་འདོད་ཡོད།

    ཐ་ལི་ཁེ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཀྲུང་གོ་ནི་རྒྱལ་ཁབ་རླབས་ཆེན་ཞིག་ཡིན་པ་དང་། བྷང་ག་ལའི་ཕྱི་འབྲེལ་སྲིད་ཇུས་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་བཟུང་ཡོད་ལ། བྷང་ག་ལས་གཅེས་སྤྲས་དང་ཡིད་ཆེས་བྱེད་འོས་པའི་རོགས་ཟླ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པའི་བྷང་ཀྲུང་ལས་དབང་གཅིག་མཐུན་ཚོགས་པའི་ཆུ་ཚད་གསར་པར་མཐོར་འདེགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བྷང་ག་ལས་སློབ་སྦྱོང་བྱེད་པའི་དཔེ་མཚོན་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། དཔལ་འབྱོར་ཚོང་དོན་དང་། ཕན་ཚུན་འབྲེལ་མཐུད། ཞིང་ལས། ཚན་རྩལ། ལྗང་མདོག་ནུས་རྒྱུ། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ཟབ་ཏུ་བཏང་ནས་བྷང་ག་ལ་དེང་རབས་ཅན་དུ་འགྱུར་བར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།