ལི་ཆང་2026ལོའི་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།
ཟླ་6ཚེས་24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏ་ལེན་དུ་2026ལོའི་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་ཞིང་། བྷང་ག་ལའི་ཙུང་ལི་ཐ་ལི་ཁེ་དང་། ཀི་ནེ་ཡའི་ཙུང་ལི་ཝུའུ་ལི·པ། ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁེ་ཅེ་ནུའོ་ཕུའུ། ཧན་གོའི་ཙུང་ལི་ཅིན་མིན་ཞི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཝུ་ཆི་ལེ། ཧེ་ཧྲན་གྱི་ཙུང་ལི་སི་ཕ་དབྱི་ཆི་བཅས་དང་། དེ་བཞིན་གོ་ལ་ཧྲིལ་པོའི་ལས་རིགས་ཁག་གི་འཐུས་མི་1800ཙམ་ཞུགས་ཡོད་པ་རེད།
ལི་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་གནང་བ་བཞིན་གསར་གཏོད་ལ་དམ་འཛིན་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་གསར་གཏོད་དོན་གཉེར་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས“གཞི་ཁྱོན་ཅན་གྱི་གསར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྗོད་གཞི་གལ་ཆེན་ཞིག་བསྟན་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། ངས་ཚང་མར་ཀྲུང་གོའི་གསར་གཏོད་ཀྱི་གཏམ་རྒྱུད་དང་དེ་བཞིན་གོ་ལ་ཧྲིལ་པོའི་གསར་གཏོད་མཉམ་ལས་ཀྱི་བསམ་གཞིག་ཁ་ཤས་མཉམ་སྤྱོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་སྟེ།
གཅིག“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་རྗེས་ཀྲུང་གོའི་དཔལ་འབྱོར་གྱིས་འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པའི་ཁྲོད་དུ་རྣམ་པ་གསར་པ་བཏོད་ཡོད། 2026ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་བཙུགས་པའི་ལོ་ཡིན་ཞིང་། རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཇེ་ཆེར་འགྲོ་བའི་གནས་ཚུལ་འོག་ཏུ་ཀྲུང་གོའི་དཔལ་འབྱོར་གྱིས་ཆར་རླུང་ལ་མི་སྐྲག་པར་སྟོབས་ཤུགས་ཡོད་རྒུས་རླུང་གཏོར་རླབས་གཤགས་བྱས་པ་ལས། “བརྟན་ལྷིང་དང་། གསར་པ། གསོན་ཤུགས། མཉམ་འདྲེས”བཅས་ཀྱི་རྣམ་པ་མངོན་པ་དང་། བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་པ་དང་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་འགོ་ཡག་པོ་ཚུགས་པའི་རྣམ་པ་ཞིག་མངོན་ཏེ། ངེས་གཏན་མེད་པའི་རང་བཞིན་མང་དུ་འགྲོ་བའི་འཛམ་གླིང་ལ་རྩ་ཆེའི་ངེས་གཏན་རང་བཞིན་སྣོན་ཐུབ་ཡོད། ང་ཚོར་འགོ་ཡག་པོ་ཚུགས་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ་པའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད།
གཉིས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཡག་པོ་བྱུང་བ་དང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགག་རྩའི་གསང་བའི་ཨང་གྲངས་ཤིག་རེད། ལོ་མང་རིང་། ཀྲུང་གོའི་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བར་མན་ངག་ཆེན་པོ་གཉིས་ཡོད་པ་སྟེ། གཅིག་ནི་བརྟན་ལྷིང་གི་ཁོར་ཡུག་དང་གཅིག་ཤོས་ནི་གསར་གཏོད་ཀྱི་སྒུལ་ཤུགས་རེད། བརྟན་ལྷིང་གི་ཁོར་ཡུག་ལ་ཆ་མཚོན་ན། ཚང་མར་ཤེས་རྟོགས་གང་ལེགས་དང་མྱོང་ཚོར་ཟབ་མོ་བྱུང་ཡོད། གསར་གཏོད་ཀྱི་སྒུལ་ཤུགས་ལ་ཆ་མཚོན་ན། ཚང་མས་དོ་ཁུར་མང་ཤོས་བྱེད་པ་ནི་ཐོན་པའི་གྲུབ་འབྲས་ཡིན་མོད། འོན་ཀྱང་དེའི་རྒྱབ་ཏུ་དཀའ་སྤྱད་འབད་བརྩོན་དང་ཡུན་རིང་བརྟན་སྲུང་བྱས་པ་ཤེས་རྟོགས་དེ་ཙམ་བྱུང་མེད། ཀྲུང་གོའི་གསར་གཏོད་ནི་འབད་བརྩོན་ལྷོད་མེད་བྱས་པ་དང་ ལས་རིགས་ཁྲི་སྟོང་གིས་བེད་སྤྱོད་བྱས་པ་ལས་བྱུང་བ་དང་། སྐྱེ་ཁམས་སྐྱོང་སྤེལ་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་རེད། ང་ཚོས་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བའི་འགོག་རྐྱེན་སེལ་བ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་དེ་ལེགས་གསར་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཟམ་མི་ཆད་པར་འདོན་རྒྱུ་ཡིན། ཉེ་དུས་རྒྱལ་སྤྱིའི་ཐོག་སྒྲིག་གཞི་དང་སྨྱན་སྦྱོར་མི་ཉུང་བས“ཀྲུང་གོའི་གོ་སྐབས2.0”ཞེས་བརྗོད་ཀྱི་ཡོད། དོན་དམ་པར་ཀྲུང་གོའི་གསར་དར་ཁྱབ་ཁོངས་ཀྱི་ལག་རྩལ་དང་ཐོན་རྫས་ལས་འཛམ་གླིང་ལ་བྱུང་བ་ནི་རྡབ་རྡེག་མིན་པར་གོ་སྐབས་ཡིན་པ་དང་འཇིགས་སྐུལ་མིན་པར་མཐུན་རྐྱེན་ཡིན་པ་ར་སྤྲོད་ནུས་ལྡན་བྱས་ཡོད།
གསུམ། གསར་གཏོད་མཉམ་ལས་ནི་གོ་ལ་ཧྲིལ་པོ་འཕར་བར་བྱེད་པའི་དཀའ་གནད་ལས་སྒྲོལ་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ད་ལྟའི་དུས་མཚམས་སུ། གོ་ལ་ཧྲིལ་པོའི་གསར་གཏོད་བྱེད་སྒོ་ནས་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པ་ཁག་ཅིག་ཐོན་ཞིང་། ལག་རྩལ་ཡར་ཐོན་གྱི་མྱུར་ཚད་སྔར་བྱུང་མྱོང་མེད་པ་ཞིག་རེད། དེ་དང་ཆབས་ཅིག ཚོད་འཛིན་མི་ཐུབ་པའི་རང་བཞིན་ཡང་མངོན་གསལ་དོད་པོས་ཆེ་རུ་འགྲོ་གི་ཡོད། གསར་གཏོད་མཉམ་འགུལ་བྱེད་ཚད་ཀྱང་སྔར་བྱུང་མྱོང་མེད་པ་ཞིག་རེད། དེ་དང་ཆབས་ཅིག བཀག་རྒྱ་ཡང་ཉིན་བཞིན་ཇེ་མང་དུ་འགྲོ་གི་ཡོད། དེས་ན་ང་ཚོས་སྦྲེལ་མཐུད་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་པ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་བརྟན་པོ་ཐུབ་པར་སྲུང་སྐྱོང་བཅས་བྱས་ཏེ། ཁྱབ་རྒྱ་དེ་བས་ཆེན་པོས་གསར་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། ང་ཚོས་ཚན་རྩལ་དར་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་འདོམས་ནུས་ཕྱོད་ཆེ་རུ་བཏང་སྟེ། ཐུན་མོང་བཅོས་སྐྱོང་ལ་དེ་བས་སྐུལ་འདེད་ནུས་ལྡན་གཏོང་དགོས། ཁེ་ལས་ནི་གསར་གཏོད་ཀྱི་གཙོ་ཤུགས་དམག་ཅིག་རེད། སླད་ཕྱིན་ཚང་མས་གསར་གཏོད་གསར་སྐྲུན་གྱི་སྣེ་ཁྲིད་པ་དང་། མཉམ་ལས་གཉིས་ཁེའི་ལག་ལེན་པ། ཀྲུང་གོའི་འཕེལ་རྒྱས་ཀྱི་མཉམ་འགྲོགས་པ་བཅས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོས་ཁྲོམ་རར་འཇུག་འཐུས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བཏོད་དེ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དེ་བས་མང་བ་མཉམ་སྤྱོད་བྱེད་པར་ཡོང་བར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན།
ཝུའུ་ཀྲེང་ལུང་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།