ཟླ་5པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་24513ཞིབ་བཤེར་ཐག་གཅོད་བྱས་པ།
ཚེས་24ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། བརྡ་ཁྱབ་ལས་མངོན་པར། ད་ལོའི་ཟླ་5པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་24513ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་31184(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་1དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་118ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་ལས། མི་20012ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།
བརྡ་ཁྱབ་གཞིར་བཟུང་། ད་ལོའི་ཟླ་5པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་12994ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་16958ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་ལས། “རང་འགན་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བར་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་འཇོག་ཁུལ་བྱེད་པ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི”གནད་དོན་མང་ཤོས་ཡིན་པ་དང་། དེའི་ཐད་ཀྱི་གནད་དོན་10783ཞིབ་བཤེར་ཐག་གཅོད་དང་མི་14141ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།
བརྡ་ཁྱབ་གཞིར་བཟུང་། ད་ལོའི་ཟླ་5པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་11519ཞིབ་བཤེར་ཐག་གཅོད་དང་། མི་14226ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དེའི་ནང་སྒྲིག་འགལ་ངང་རྩ་ཆེའི་ཡུལ་ཟོག་གི་ལག་རྟགས་སམ་འབུལ་རྟེན་སྤྲོད་ལེན་བྱས་པའི་གནད་དོན་6829དང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཕན་བདེ་སྤྲད་པའི་གནད་དོན་1360 སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་2188བཅས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།