དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་ཀུའེ་ཀྲོའུ་རུ“གྲོང་གྲུག”གི་བྱེད་སྒོར་ཞུགས་པ།

    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཧའེ་ལིན་། ཀོན་ཧའོ་ཡུས། ཧོང་ཤན།   |     སྤེལ་དུས།  2026-06-28

    འདི་ནི་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་ལས་གྲུབ་པའི“ཕུགས་འདུན་རུ་ཁག”གིས་རུང་ཅང་གི“གྲོང་གྲུག”འགྲན་རར་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

    འདི་ནི་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་དང་ཏུང་རིགས་གྲོང་ཚོའི་ཡུལ་མིས་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

    ཉེ་ཆར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་མཛའ་གྲོགས་མཐུན་ཚོགས་དང་ཀུའེ་ཀྲོའུ་ཞིང་ཆེན་ལུས་རྩལ་ཅུས་དང་མཉམ་དུ་གཉེར་བའི་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་ཀུའེ་ཀྲོའུ་རུ་སྤེལ་བའི“གྲོང་གྲུག”བྱེད་སྒོར་ཞུགས་པ་རེད། ཆ་ཏེ་དང་། ལེ་སི་ཐོ། ཀ་པོན། ཀམ་པི་ཡ་སོགས་རྒྱལ་ཁབ་9ནས་ཡོང་བའི་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་དང་ཕྱི་སྦྱོང་སློབ་མ་སོགས་མི་20ཀུའེ་ཀྲོའུ་ཞིང་ཨུད་ཏང་གི་སློབ་གྲྭའི་དབུལ་སྒྲོལ་སློབ་ཁང་དུ་བསྐྱོད་པ་དང་། རུང་ཅང་གི“གྲོང་གསེབ་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན”འགྲན་རར་བསྐྱོད་པ། ཏུང་རིགས་གྲོང་ཚོའི་རི་ཀླུང་གི་མཛེས་པ་ཉམས་སུ་མྱོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀུའེ་ཀྲོའུ་ཡི་ལག་ལེན་ཤེས་རྟོགས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོར”ངོ་མཚར་བཏོད་ཡོད་པ་རེད།

    “རི་གྲོང་གི་དབུལ་སྒྲོལ་ཉམས་མྱོང་ལ་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད”

    “ངའི་ཕ་ཡུལ་ཡང་ཀུའེ་ཀྲོའུ་དང་འདྲ་བར་རི་ཚོགས་ཀྱིས་ཁེངས་ཡོད། ཀུའེ་ཀྲོའུ་ཡི་རི་གྲོང་ནས་ཐོབ་པའི་དབུལ་སྒྲོལ་གྱི་ཉམས་མྱོང་ལ་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད” ཀུའེ་ཀྲོའུ་ཞིང་ཨུད་ཏང་གི་སློབ་གྲྭའི“དབུལ་པོའི་གནས་ལས་སྒྲོལ་བའི་ཀུའེ་ཀྲོའུ་ཡི་ལག་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་ཁྲིད་རྟེན་གཞིར། ཀྲུང་གོར་བཅའ་སྡོད་ལེ་སི་ཐོའི་གཞུང་ཚབ་ཆེ་མོ་བ་ལིན་མེ་ཡིས་འགྲེམས་ཁུལ་གྱི་མདུན་དུ་ཡུན་རིང་ལངས་ནས་དབུལ་སྒྲོལ་གྱི་ཉམས་མྱོང་སྐོར་ཞིབ་པར་ཉན་རྗེས་མྱོང་ཚོར་ཟབ་མོ་གླེང་།

    ཀུའེ་ཀྲོའུ་ནི་དེ་སྔ་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀུའེ་ཀྲོའུ་ཡི་མི་འབོར་དབུལ་པོ་ཁྲི་923ཚང་མ་དབུལ་སྒྲོལ་ཐུབ་པ་དང་། མང་ཚོགས་ཁྲི་192རི་གྲོང་ནས་སྤོས་པ། རྫོང་དབུལ་པོ་66ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་9000ཚང་མ་དབུལ་སྒྲོལ་ཐུབ་པ། དབུལ་ཕོངས་ཉུང་གཏོང་གི་མི་གྲངས་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མི་གྲངས་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    “མི་དམངས་ལ་ཞབས་འདེགས་ཞུ་བ་དང་ལེགས་སྐྱེས་འབུལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱིས་ང་ལ་བག་ཆགས་ཟབ་མོ་བྱུང་། དབུལ་སྐྱོར་ལས་དོན་དེ་ཉིད་དམངས་འཚོ་དང་འབྲེལ་བ་ཡོད་པས་ལས་བྱེད་པས་ངེས་པར་དུ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་ཏན་ཏིག་བྱེད་དགོས། ‘མི་རྩ་བར་འཛིན་པའི’འདུ་ཤེས་དེ་ང་རང་གི་རྒྱལ་ཁབ་ཏུ་ཁྱབ་གདལ་བཏང་ནས་ཀམ་པི་ཡའི་དབུལ་སྐྱོར་ལས་དོན་གནད་སྨིན་ཤུགས་འདོན་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ཀམ་པི་ཡའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ལས་རོགས་པ་མུའུ་སཱ·པཱ་ཧོ་ཡིས་བརྗོད།

    ས་ཕག་གི་ཁང་པ་རྙིང་པ་དང་སྡོད་ཁང་གསར་པ་བསྡུར་བའི་པར་ཞིག་ལ་བྱང་ཕྱོགས་བཟོ་ལས་སློབ་ཆེན་གྱི་ཁོང་ཀོ(པུའུ)ཡི་ཕྱི་སྦྱོང་སློབ་མ་ཏ་མ་སིར་དོ་སྣང་བྱུང་ཡོད། “རི་ཁུག་ནང་གི་མང་ཚོགས་རྣམས་སློབ་གསོ་དང་། སྨན་བཅོས། ལས་ཞུགས་བཅས་ཀྱི་ཆ་རྐྱེན་དེ་བས་ལེགས་པའི་ས་ཆར་གནས་སྤོས་ནས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་བྱས་འདུག འདི་ལས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་ཡོད། ཀྲུང་གོས་བསགས་པའི་དབུལ་སྒྲོལ་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཏ་མ་སིས་བརྗོད།

    “དེ་གར་ཡོད་པ་ནི་རྒྱལ་ཕམ་མིན་པར་མཐུན་སྒྲིལ་དང་མཛའ་གྲོགས་ཡིན”

    ས་སྲོས་ཙམ་དུ་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་གི་རྐང་རྩེད་སྤོ་ལོ་ཐང་ནས་གློག་འོད་རབ་ཏུ་འཚེར། ཤུ་སྒྲ་གྲགས་མ་ཐག ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་གྱི“ཕུགས་འདུན་རུ་ཁག”རུང་ཅང་གི“གྲོང་གྲུག”འགྲན་རའི་མཛའ་གྲོགས་འགྲན་བསྡུར་ལ་དངོས་སུ་ཞུགས་པ་རེད། སྤོ་ལོ་ཐང་དུ་ཕར་རྒོལ་དང་། སྤོ་ལོ་བརྒྱུད་སྤྲོད། རྒྱུགས་གནས་གནད་འཁེལ་སོགས་དང་། འགྲན་རའི་ཕྱི་རོལ་དུ་ལྟད་མོ་བས་རྔ་རྡུང་དར་འཕྱར་གྱིས་དགའ་འབོད་བྱེད་བཞིན་ཡོད།

    རུང་ཅང་རྫོང་དུ་རྒྱ་རིགས་དང་། མེའོ་རིགས། ཏུང་རིགས། ཧྲུའེ་རིགས། ཡའོ་རིགས་སོགས་མི་རིགས་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་དེ་གར“གྲོང་གྲུག”དར་ནས་ས་གནས་དེ་གའི་མི་ཚང་མ་ཞུགས་པ་དང་དྲ་རྒྱ་ཡོངས་སུ་སྐད་གྲགས་ཆོད་པའི་སྣང་ཚུལ་རིམ་པའི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད། “གྲོང་གྲུག”གི་ལོ་རྒྱུས་ཁང་དུ། ཀྲུང་གོར་བཅའ་སྡོད་ཀ་པོན་གྱི་གཞུང་ཚབ་ཁང་གི་རིག་གནས་ཚན་ཙན་དང“ཕུགས་འདུན་རུ་ཁག”གི་དྲུང་ཆེ་པན་པུའུ་ཡི་མིག་གི་དབང་པོ་གྱང་ངོས་ཀྱི་པར་ཞིག་གིས་རྦད་དེ་བཀུག་པ་སྟེ། ཧྥ་རན་སེ་དང་། པར་ཙིར། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་60ལྷག་ཙམ་གྱི་རྒྱལ་སྤྱིའི་སྤོ་ལོ་རུ་ཁག་40ལྷག་ཙམ་དེ་གར་ཡོང་ནས་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། “ཀུའེ་ཀྲོའུ་ཡི‘གྲོང་གྲུག’ནི་ཆེད་ལས་རྐང་གྲུག་པའི་མཉམ་འགྲན་ཞིག་མིན་ཡང་འཛམ་གླིང་ས་གནས་ཁག་གི་སྤོ་ལོ་རུ་ཁག་གི་ཡིད་དབང་རབ་ཏུ་འགུགས་བཞིན་ཡོད་པས། དེའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་ར་སྤྲོད་ཐུབ་ཡོད”ཅེས་པན་པུའུ་ཡིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བརྗོད།

    ཀྲུང་གོར་བཅའ་སྡོད་ཁོ་ཐེ་ཏི་ཝོར་གྱི་གཞུང་ཚབ་ཆེ་མོ་ཁང་གི་ཁེ་སྐྱོང་ཚན་ཙན་དང“ཕུགས་འདུན་རུ་ཁག”གི་ཀྲུའུ་ཞི་ལན་པོ་རུའེ་ཡིས“རྐང་རྩེད་སྤོ་ལོས་ཕན་ཚུན་དབར་གྱི་སེམས་ཐག་ཉེ་རུ་བཏང་ནས་མཛའ་གྲོགས་དེ་འགྲན་རའི་ནང་བརྒྱུད་སྤྲོད་ཐུབ་ཡོད། ‘ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ’ཡིས་ཕྱོགས་གཉིས་པོའི་འགྲོ་འོང་ལ་ལས་སྟེགས་རྒྱ་ཆེན་པོ་ཞིག་བཏོད་ཡོད། ཀུའེ་ཀྲོའུ་ཡི‘གྲོང་གསེབ་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན’ལུས་རྩལ་གྱི་གསོན་ཤུགས་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་དམངས་ལུས་རྩལ་སྤེལ་རེས་ཁྲོད་ཕན་ཚུན་འབྲེལ་མཐུད་དང་། བརྩེ་སེམས་མཉམ་འདྲེས། ནུས་ཤུགས་མཉམ་འདོན་བཅས་ཐུབ་ཡོད”ཅེས་བརྗོད་པ་རེད།

    “ཀྲུང་གོའི་གྲོང་གསེབ་བཅོས་སྐྱོང་གི་ཉམས་མྱོང་ང་རང་གི་རྒྱལ་ཁབ་ཏུ་ཁྱབ་གདལ་གཏོང་ཐུབ་པའི་རེ་བ་ཡོད”

    “ཚང་མས་མངགས་ཉོ་བྱེད་པར་དགའ་བསུ་ཞུ” རུང་ཅང་རྫོང་གི་སྨྱན་སྦྱོར་གསར་པས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དྲ་ཚོང་ཐོན་ལས་གླིང་དུ། ཀྲུང་གོར་བཅའ་སྡོད་ཀ་པོན་གཞུང་ཚབ་ཁང་གི་རིམ་པ་དང་པོའི་ཚན་ཙན་ལའོ་ལུན་སི་ཐད་གཏོང་ཁང་དུ་བསྐྱོད་དེ་ཀྲུང་གོའི་གཙོ་སྐྱོང་བ་དང་མཉམ་དུ་དྲ་གྲོགས་ལ་ཇ་ལུའོ་ཧན་ཀུའོ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་ཐད་གཏོང་ཟོག་ཚོང་ཉམས་ལེན་བྱེད་བཞིན་ཡོད་པ་རེད། 2025ལོར་རུང་ཅང་རྫོང་གི“སྨྱན་སྦྱོར་གསར་པ་+”ཀྱིས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.5ལྷག་ཙམ་ཟིན་པར་འདེགས་སྐྱོར་བྱས་ཡོད། ལའོ་ལུན་སིས“ཀ་པོན་དུ་ཟོག་ཉོའི་རྣམ་པ་དེ་འདྲ་མཐོང་དཀོན་པོ་རེད། ཀྲུང་གོའི་དྲ་ཚོང་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། འཛད་སྤྱོད་པ་དང་ཐོན་རྫས་དབར་ཐད་ཀར་འབྲེལ་མཐུད་བྱས་ནས་ཕྱོགས་མང་པོར་ཕན་པ་ཐོབ་ཡོད། ཕྱིར་འཚོང་བྱེད་སྟངས་འདི་རིགས་ལ་ཚོད་ལྟ་བྱེད་རིན་ཡོད”ཅེས་བརྗོད་པ་རེད།

    ཐད་གཏོང་ཁང་ནས་དོན་རྗེས། རུང་ཅང་རྫོང་ཀྲུང་ཁྲེང་གྲོང་རྡལ་ལེ་གྲོང་ཚོའི་གཙང་སྦྲ་དོད་པའི་གྲོང་ཚོའི་རྣམ་པར་ལའོ་ལུན་སིར་བག་ཆགས་ཟབ་མོ་བྱུང་ཡོད། རྒྱབ་ཏུ་རི་དང་མདུན་ལ་ཆུ་ཡིན་པའི་ལེ་གྲོང་ཚོ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པའི་ཏུང་རིགས་གྲོང་ཚོ་ཞིག་རེད་ལ། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་གསེབ་དར་རྒྱས་གཅིག་སྡུད་ཀྱི་དཔེ་སྟོན་ཚོད་ལྟ་ཁུལ་ཁག་དང་པོ་དེའང་རེད། “འདི་གར་ངས་ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་མཐོང་བྱུང་། ཀ་པོན་གྱི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པས་ཀྲུང་གོའི་གྲོང་གསེབ་བཅོས་སྐྱོང་གི་ཉམས་མྱོང་ང་རང་གི་རྒྱལ་ཁབ་ཏུ་ཁྱབ་གདལ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་ལའོ་ལུན་སིས་བརྗོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་ནས་སྤྲོ་སེམས་རབ་ཏུ་འཕེལ་བའི་དམངས་ཁྲོད་རྐང་རྩེད་སྤོ་ལོའི་བར་དང་། དེ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞི་མཐུན་རྣམ་པའི་བར། ཀུའེ་ཀྲོའུ་ཡི་འགྲུལ་བཞུད་ལས་ཚང་མས་རི་གྲོང་ས་གཞིར་ཐོགས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཡུར་ཟའི་འབྲས་བཟང་མིག་མཐོང་ལག་ཟིན་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཛའ་གྲོགས་ཀྱི་རོལ་དབྱངས་ཀྱང་ཕན་ཚུན་འགྲོ་འོང་བརྒྱུད་དེ་བས་མི་སེམས་འགུལ་བའི་འགྱུར་ཁུག་ཅིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།