མཚོ་སྔོན་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་རྣམ་གྲངས་ཐོག་མ་སྐྲུན་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཏུལ་ཐང་གི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་འཛུགས་སྐྲུན་རྣམ་གྲངས་ཐོག་མ་སྐྲུན་འགོ་ཚུགས་ཤིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཐབ་ཀ་ཆུང་གྲས་ཀྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་རྣམ་གྲངས་ཐོག་མ་ཡིན་ལ། ཁྱོན་མ་དངུལ་སྒོར་དུང་ཕྱུར་2.22བཏང་བ་དང་འཛུགས་སྐྲུན་ས་ཁྱོན་སྤྱི་ཆིང་7.3ཟིན་པ་དང་། འཛུགས་སྐྲུན་ལས་ཡུན་ནི་2026ལོའི་ཟླ་6པ་ནས་ཟླ་12པའི་བར་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཉིན་རེར་གད་སྙིགས་ཏུན་200མེར་སྲེག་ཐོན་སྐྱེད་བརྒྱུད་རིམ་1དང་། ཀྲའོ་ཝ་4ཟིན་པའི་རླངས་སྒུལ་གློག་འདོན་འཕྲུལ་ཚན། ཕྱོགས་བསྡུས་བཟོ་ཁང་གཙོ་བོ། ཕྱོགས་བསྡུས་ཐོག་བརྩེགས་ཁང་པ་སོགས་ཀྱི་བཟོ་སྐྲུན་གཙོ་བོ་བསྐྲུན་རྒྱུ་མ་ཟད། དུས་གཅིག་ཏུ་ཐལ་རྡུལ་སྦས་ཡུལ་དང་བཟོ་ཁུལ་གྱི་ཆུ་ལེན་འདུ་འགོད་སོགས་རྨང་གཞིའི་སྒྲིག་བཀོད་ལྷན་སྦྱར་བྱེད་པ་དང་། ཐབ་ཚང་གི་གད་སྙིགས་དང་འདམ་རྫབ་གཙང་སེལ་སྒྲིག་བཀོད་མཉམ་དུ་བསྒར་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས་གསེར་ཆེན(མཚོ་སྐོར་ཚུད)དང་བྲག་དཀར་ས་ཆ་གཉིས་ཀྱི་རྫོང་གྲོང་དང་དེ་བཞིན་ཞིང་འབྲོག་ཁུལ་གྱི་ཉིན་རེའི་འཚོ་བའི་གད་སྙིགས་གཙང་སེལ་ཐུབ་ནས་ཉིན་རེར་འཚོ་བའི་གད་སྙིགས་ཏུན་193གཙང་སེལ་ཐུབ་པ་དང་། ལོར་འཚོ་བའི་གད་སྙིགས་ཏུན་ཁྲི་7གནོད་མེད་གཙང་སེལ་ཐུབ་པ། ལོར་གློག་འདོན་ཚད་ཆུ་ཚོད་ཆན་ཝ་ཁྲི་2430དང་དྲ་ཞུགས་ཀྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་1876ཟིན་པ་བཅས་ཐུབ་ནས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་དེ“ས་སྦས་གཙོ་བོར་འཛིན་པ”ནས“མེར་སྲེག་གློག་འདོན”དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།