དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒོ་མོ་ཕྱེ་ནས་འཛམ་གླིང་འབྲེལ། མཉམ་ལས་བྱས་ནས་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-06-27

    ཟླ་6ཚེས་22ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་ཡིན་པའི་ངོས་ནས་མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་འདི་ཉིད་ཀྲུང་ཕྱིའི་ཁེ་ལས་ཀྱིས་གྲོགས་པོ་འཚོལ་བ་དང་། རོགས་ཟླ་འཚོལ་བ། བཀོལ་སྤྱོད་ཀྱི་རྣམ་པ་འཚོལ་བ། ཐག་གཅོད་ཇུས་གཞི་འཚོལ་བ་བཅས་ཀྱི་ཐོན་ཁུངས་འབེལ་པོ་ཞིག་ཏུ་ཉིན་བཞིན་གྱུར་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དང་འཛམ་གླིང་གི་གོ་སྐབས་ཆེན་པོའི་སྒུལ་ནུས་ཆེན་པོ་མངོན་པར་བྱས་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་ཚོས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དེ་ནི་འཛམ་གླིང་གི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་རེད”ཅེས་གསུངས་པ་རེད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་མཁོ་སྤྲོད་འཁོར་འབྲེལ་གྱི་སྤྱི་པའི་ཐོན་རྫས་ཀྱི་ཁྱད་ཆོས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་ཕན་འདོགས་པ་བཅས་བྱས་ཡོད། ལོ་4འཕེལ་རྒྱས་བཏང་བ་དང་སྐྱེད་སྲིང་བྱས་པ་བརྒྱུད། མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་དེ་གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་ཚོགས་འདུ་གཟབ་རྒྱས་དང་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ཀྱིས“འཛམ་གླིང་འབྲེལ་མཐུད་བྱེད། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགྲེམས་ཞུགས་ཚོང་པ་1200ལྷག་ཙམ་གྱི་ཡིད་དབང་བཀུག་པ་དེ་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་85ལ་ཁྱབ་པ་དང་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་འགྲེམས་ཞུགས་ཚོང་པའི་བསྡུར་གྲངས་36.5%བར་འཕར་ཡོད།

    ཚན་རྩལ་གསར་གཏོད་ནི་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་རེད། སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ཐོག་གྲངས་རིག་ཚན་རྩལ་འཁོར་འབྲེལ་དང་། སྔོན་ཐོན་བཟོ་སྐྲུན་འཁོར་འབྲེལ། ལྗང་མདོག་ཞིང་ལས་འཁོར་འབྲེལ། བདེ་ཐང་འཚོ་བའི་འཁོར་འབྲེལ། རིག་ནུས་རླངས་འཁོར་འཁོར་འབྲེལ། ནུས་རྒྱུ་གཙང་མའི་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་ཀྱི་ཞབས་ཞུའི་འགྲེམས་ཁུལ་བཀོད་སྒྲིག་བྱས་ནས་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་རྣམ་པ་གསར་པ་160ལྷག་ཙམ་ཐོག་མར་འགྲེམས་སྟོན་བྱས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ཤེས་ཚོར་ཐུབ་པ་དང་། ངོ་འཕྲད་གྲོས་མོལ་ཆོག་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་ཐོན་ལས་གྲུབ་འབྲས་སུ་འགྱུར་བར་སྐུལ་འདེད་བཏང་བ། མི་ཐབས་རིག་ནུས་ཆེད་དམིགས་ཁུལ་བཙུགས་པ་བཅས་ལས་མི་ཐབས་རིག་ནུས་ཀྱི་གྲངས་གཞི་བསྡུ་རུབ་དང་རིག་ནུས་རྩིས་རྒྱག་ནས་འགྲེམས་ཁུལ་དོན་འཁྱོལ་ཐུབ་པའི་བར་གྱི་རྣམ་པ་ཆ་ཚང་ཞིག་མངོན་ཡོད་པ་རེད།

    མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པའི་སྤྲོ་སེམས་ཚོར་བ་མ་ཟད། ཀྲུང་གོའི་ཁྲོམ་རའི་རིན་ཐང་ཟབ་མོ་དེ་བས་གསལ་པོ་རྟོགས་ཐུབ། ཀྲུང་གོའི་ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཉེ་བའི་ལོ་3རིང་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་རིམ་བཞིན་འཕར་ནས་ཁྲི་53ལས་བརྒལ་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་མང་ཆེ་བས་ཀྲུང་གོར་རྩ་བ་བརྟན་པོ་ཚུགས་པ་དང་མ་འཇོག་མུ་མཐུད་རྒྱ་ཆེར་གཏོང་བའི་གདམ་ག་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་མདུན་གྲལ་དུ་སླེབས་པའི་ཐོན་ལས་ནས་རྩེར་སོན་བཟོ་སྐྲུན་བར་དང་། ཞིབ་སྤེལ་ལྟེ་གནས་ནས་ས་ཁོངས་སྤྱི་ཁྱབ་པུའུ་བར་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱིས་ཀྲུང་གོར་རྒྱུན་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་གོའི་གསར་གཏོད་ཀྱི་ཞིང་ས་གཤིན་པོ་ནས་འཚོ་བཅུད་ལེན་པ་དང་ཀྲུང་གོའི་ཁྲོམ་ར་ཆེ་མོའི“ལུས་སྦྱོང་ཁང”ནང་ལུས་སྟོབས་རྒྱས་པར་བྱས་ཏེ་འགྲན་རྩོད་སྣེ་མང་ཁྲོད་གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་འགྲན་རྩོད་ཀྱི་ལེགས་ཆ་བཏོད་ཡོད།

    མིག་སྔར། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཆགས་སྟངས་ལེགས་སྒྲིག་གཏིང་ཟབ་བྱས་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། ཟང་ཟིང་དང་འགྱུར་ལྡོག་ཁྲོད་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་གི་སྔོན་དཔག་མཁོ་འདོན་བྱས་ཡོད། རྒྱུན་སྲིང་ལག་བསྟར་བྱེད་པའི་སྒོ་དབྱེའི་ཁས་ལེན་ལ་བརྟེན་ནས་ཕྱི་དངུལ་གྱི“མ་འཇོག་བྱེད་ཕོད་པ་དང་། མ་འཇོག་བྱེད་འདོད་པ། ཡུན་རིང་མ་འཇོག་བྱེད་པ”བཅས་ཀྱི་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། མི་རིང་བའི་གོང་། རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་དབུ་ཚོགས་སྐབས་བདུན་པ་གྲོལ་བ་དང་། “གསར་གཏོད”དང་། “མཉམ་ལས”“གོ་སྐབས”བཅས་ཚོགས་འདུའི་ཐོག་གླེང་མང་བར་གྱུར་ཡོད། སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་ཐོག་ཀྲུང་ཕྱིའི་ཁེ་ལས་ཀྱིས་མཉམ་དུ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་ཆེ་རུ་གཏོང་བ་དང་གསར་གཏོད་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་གྲོས་མོལ་བྱས་ཡོད། ཟླ་6ཚེས་23ཉིན། “གཞི་ཁྱོན་ཅན་གྱི་གསར་གཏོད”བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྣེ་འཁྲིད་མཁན་གསར་པའི་ལོ་ཚོགས་སྐབས་བཅུ་བདུན་པ་ལེའོ་ཉིང་ཏ་ལེན་གྲོང་ཁྱེར་དུ་འཚོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་སྒོ་དབྱེ་མཉམ་ལས་ཀྱི་ཡིད་ཆེས་བརྟན་པོ་བརྒྱུད་སྤྲོད་བྱས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་རྒྱ་ཆེན་པོ་མཉམ་སྤྱོད་བྱས་ཡོད།

    སྒོ་དབྱེའི་འདུ་ཚོགས་གཟབ་རྒྱས་སྔ་རྗེས་སུ་འཚོགས་པ་དང་། མ་རྐང་མཉམ་ལས་ཀྱི་ཚ་རླབས་རྒྱུན་མཐུད་འཕྱུར་བ། ཀྲུང་གོའི་ཁྲོམ་ར་ཆེ་མོའི་གོ་སྐབས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ཀྱི་ཁེ་སྤོགས་སུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ཀྲུང་གོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། རྒྱལ་ཁབ་ཁག་གི་ཁེ་ལས་གཉིས་ཕན་མཉམ་ལས་ཡོང་བར་རྒྱབ་སྐྱོར་བྱེད་མཁན་བཅས་མུ་མཐུད་བྱ་རྒྱུ་རེད། སྐྱེ་སྟོབས་རྒྱས་པའི་ཁྲོམ་ར་དེའི་ནང་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་དེ་བས་མང་བ་རྒྱ་སྟོབས་ཆེ་རུ་ཕྱིན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་དེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ནུས་དེ་བས་མང་བ་སྣོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།