རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་དམིགས་ནས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་6ཚེས་24ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་གཞི་གལ་ཆེན་རྒྱལ་ཁབ་ཀྱི་བློ་སྟོབས་སུ་བསྒྱུར་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་བསྒྱུར་ནས། མི་རིགས་ལས་དོན་སྐོར་གྱི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཞིབ་ཕྲའི་ལས་འགན། འབད་འཐབ་ཀྱི་ཁ་ཕྱོགས་བཅས་གསལ་སྟོན་དང་གཏན་འཁེལ་བྱས་ཏེ། ལམ་ལུགས་དང་བཅའ་ཁྲིམས་ནས་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བྱ་རྒྱུར་འགན་ལེན་བྱས་ཏེ། མི་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དང་ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་ཡིན”ཞེས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་རུའེ་ཧྥུང་གིས་བརྗོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བརྒྱུད་རིམ་ལྡན་པའི་ངང་འཛུགས་པ།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོས་ནས་བཏོན་པ་ནི་ཏང་གི་འཐབ་ཕྱོཌ་གཅིག་གྱུར་དང་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་ཁྲེན་རུའེ་ཧྥུང་གིས་ངོ་སྤྲོད་བྱས།
“འདི་ནི་ལོ་30ལྷག་ཙམ་ཚུན་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པའི་བཅའ་ཁྲིམས་ཀྱི་ཁྲིམས་གཞི་ཐོག་མ་དེ་རེད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་ཁྲིམས་འཛུགས་ཀྱི་རྣམ་གྲངས་འཛུགས་པ་དང་། འཆར་ཟིན་འགོད་པ། གྲོས་ཞིབ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་པཱ་དབྱིན་ཁྲའོ་ལུའུ་ཡིས་བརྗོད།
ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཚང་མར་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། བཅའ་ཁྲིམས་འཆར་ཟིན་སྐོར་ལ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཞིང་ཆེན། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཚན་པ་380ལྷག་ཙམ་གྱི་བསམ་འཆར་སྔ་རྗེས་སུ་བསྡུ་ལེན་བྱས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་ཡང་བསྡུ་ལེན་ཐེངས་མང་བྱས་ཡོད། ནང་དོན་ཆ་ཚང་ཡོངས་བསྒྲགས་ཐེངས་གཉིས་བྱས་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པར་མི་ཐེངས་ཁྲི་5ཙམ་གྱིས་བསམ་འཆར་བཏོན་ཡོད་པ་རེད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི་དུས་རབས་གསར་པར་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དང་། མི་རིགས་ཀྱི་ལས་དོན་ཐག་གཅོད། མི་རིགས་ཀྱི་ལས་དོན་སྤེལ་བ་བཅས་ཀྱི་གཞི་རྩའི་བཅའ་ཁྲིམས་ཤིག་རེད། སྒྲིག་སྟངས་ཐད་ཆེད་མངགས་གླེང་གཞི་བཀོད་ཡོད། དེ་ནི་ལོ་30ལྷག་ཙམ་རིང་གི་གླེང་གཞི་བཀོད་པའི་བཅའ་ཁྲིམས་ཐོག་མ་དེ་རེད”ཅེས་པཱ་དབྱིན་ཁྲའོ་ལུའུ་ཡིས་ངོ་སྤྲོད་བྱས།
ནང་དོན་ཐད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱིའི་བླང་བྱ་དང་། རྩ་དོན་གལ་ཆེན། དེ་བཞིན་འབྲེལ་ཡོད་བྱེད་པོའི་འགན་འཁྲིའི་བླང་བྱ་བཅས་ཁ་གསལ་བཏོན་ནས་མི་རིགས་ལས་དོན་ཁྱབ་ཁོངས་བཅོས་སྐྱོང་ལ་དགོས་མཁོ་ཆེ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གཏོང་བར་དགོས་གལ་ཆེ་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་ནུས་ལྡན་བྱེད་པར་ཁ་ཚ་དགོས་གཏུགས་སུ་གྱུར་པ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བྱ་སྤྱོད་ཚད་ལྡན་དང་ཡུན་རིང་གི་སྔོན་དཔག་ཁ་གསལ་ཁུངས་བཙན་ཞིག་བཟོས་ཡོད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི་དུས་རབས་གསར་པའི་མི་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅའ་ཁྲིམས་ཐོག་མ་དེ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའེ་ཅན་པིན་གྱིས་བརྗོད་པ་དང་། ཁོང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཁོངས་གཏོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བཅའ་ཁྲིམས་སྒྲོམ་གཞི་བཟོས་ནས་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་མི་རིགས་ལས་དོན་ཐག་གཅོད་དང་། མི་རིགས་ལས་དོན་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་ཁྱོན་ཡོངས་རང་བཞིན་དང་ཕུགས་ཕན་རང་བཞིན་གྱི་རྨང་གཞིའི་རང་བཞིན་འགན་ལེན་བྱས་ཡོད་ཅེས་བརྗོད།
མི་རིགས་ཁྱབ་ཁོངས་དང་འབྲེལ་བའི་ཁྲིམས་འཛུགས་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཅིང་། 2012ལོ་ནས་2025ལོའི་བར། རང་སྐྱོང་ལྗོངས་5ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.25ནས་སྒོར་དུང་ཕྱུར་ཁྲི་8.66བར་འཕར་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཚད་སྔར་ན་བྱུང་མྱོང་མེད་པ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མི་ཁྲི་3300ལྷག་ཙམ་ཟིན་ནས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གསུམ་ཆ་གཅིག་ལྷག་ཙམ་གྲོང་ཁྱེར་དང་ཁ་ཐོར་གྱི་ས་ཁུལ་དུ་སྡོད་པ། མི་རིགས་ཁག་ཁ་ཐོར་ཆེན་པོ་དང་། འདུས་སྡོད་ཆུང་ངུ་། འདྲེས་སྡོད་བཅས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རྣམ་པ་ཟབ་མོ་ཡོད”ཅེས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཏོན་དབྱི་ཅུན་གྱིས་བརྗོད་པ་དང་། ཁོང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དུ་བྱས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་གལ་ཆེན་དང་། རྩ་ཆེའི་ཉམས་མྱོང་། ལམ་ལུགས་ཀྱི་བྱེད་ཐབས་བཅས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་སུ་བསྒྱུར་ནས་ཕྱོགས་ཡོངས་དང་རིམ་པ་མང་བའི་ལམ་ལུགས་དང་ལམ་སྲོལ་རིམ་བཞིན་འཛུགས་ཀྱི་ཡིན་ཞེས་བརྗོད།
དུས་རབས་གསར་པ་ཤར་ཚུན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་མི་རིགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་བརྟན་པོའི་ངང་ཧུར་ཐག་སྤེལ་བར་འཕེལ་རྒྱས་གསར་པ་བྱུང་བ་དང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང“ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས་པ”དང་། “འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ”“ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ”སོགས་ཀྱི་ནང་དོན་ཆེད་མངགས་གཏན་འབེབས་བྱས་ཡོད། ཁྲེན་རུའེ་ཧྥུང་གིས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཞིབ་འཇུག་བྱས་ནས་བཟོས་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་བཞིན་ཡོད་ཅེས་བརྗོད།
རིག་གནས་ཀྱི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་ཞིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།
མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། སྒར་རེས་རྣམ་པའི་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་རིགས་ས་ཁུལ་གྱི“གྲོང་མི་གསར་པས”མཐུན་རྐྱེན་སྦྱོར་བའི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ་རེད།
མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་ཞིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་ཁག་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་དམིགས་ནས་ཧེ་བག་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང“ཆུང་ལ་ལེགས་པའི”དམངས་འཚོའི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱ་རྒྱུ་རེད།
“ལོ་ལྔའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ང་ཚོས《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས》རྩོམ་སྒྲིག་ལེགས་གྲུབ་ཟིན་ནས་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན”ཞེས་ཁྲེན་རུའེ་ཧྥུང་གིས་བརྗོད་པ་དང་། ཁོང་གིས། དེབ་དེར་ཁྱོན་བམ་པོ་11དང་ཡིག་འབྲུ་ཁྲི་420ལྷག་ཙམ་ཡོད་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། སྐད་ཆའི་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་འཛུགས་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་གལ་ཆེན་འདིང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་ནི་དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད”ཅེས་ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་ཧུའུ་ཝུའེ་ལེ་ཡིས་བརྗོད་པ་དང་། ཁོང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མི་རིགས་ལས་དོན་གྱི་འབྲེལ་ཡོད་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པའི་ཐོག རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ སྤྱི་ཚོགས་རྩ་འཛུགས་སོགས་སུ་བསྐྱོད་དེ་ཏང་གི་མི་རིགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།