དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཚོ་བོད་ལྕགས་ལམ་ཐོག་གི་སྐད་གྲགས་མེད་པའི་སོ་ལྟ་བ།

    འཛམ་གླིང་ཡང་རྩེར་ལང་ཚོ་སྐྱེས་སུ་ཕུལ། ཁྲག་དང་རྔུལ་ཆུ་བཏོན་ནས་མཁའ་ལམ་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-27

    འདི་ནི་ལྷ་ས་ནས་ཧྲང་ཧའེ་རུ་ཐོན་པའི་མེ་འཁོར་ཐོག་མེ་འཁོར་ལས་བྱ་དང་ལྕགས་ལམ་ཉེན་རྟོག་པས་འགྲུལ་པར་ལྕགས་ལམ་གྱི་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    ཞོགས་པ་དང་ས་སྲོད་ཀྱི་དུས་སུ། མི་ལ་ལས་འབབ་ཚུགས་སུ་འགྲུལ་པར་ལམ་སྟོན་བྱེད་པ་དང་། ལ་ལས་འཁོར་སྒྲོམ་ནང་སྐོར་ཞིབ་བྱེད་པ། ཡང་ལ་ལས་ལམ་རྒྱུད་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་སོགས། འགྲུལ་བཞུད་ཀྱི་རྒྱབ་ཕྱོགས་སུ་ཞབས་འདེགས་ཞུ་མཁན་མཚོ་བོད་ལྕགས་ལམ་གྱི་ལས་དོན་པ་དེ་དག་གིས་ལང་ཚོ་སྐྱེས་སུ་ཕུལ་ནས་ལྕགས་ལམ་བརྟན་སྲུང་བྱེད་པ་དེ་ནི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་འགྲུལ་བཞུད་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི་མི་སེམས་འགུལ་བའི་བྱ་བ་ཞིག་ཅི་ལ་མིན།

    2021ལོར“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཅེས་པའི་ས་མཐོའི་ལྕགས་ལམ་ཞབས་ཞུའི་སྤུས་རྟགས་ཐོན་ཞིང་། དེ་ནི་ནམ་མཁའ་དང་མཉམ་པའི་སྙིང་སྟོབས་ཀྱི་མཐོ་ཚད་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ནམ་ཡང་རང་མདངས་མི་འགྱུར་བའི་བག་ཆགས་ཤིག་བཞག་པ་སྟེ། སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དེ་རེད། བག་ཆགས་དེ་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་སྣང་ཚུལ་ལ་བརྟེན་ནས་མཁའ་ལམ་གང་དུ་བསྲིངས་པ་དེ་བར་དུ་ཁྱབ་ཡོད།

    ལས་སྟེགས་ཐོག་གི་ཚོན་མདོག་སྣ་ལྔའི་ཁ་བཏགས།

    ནག་ཆུ་འབབ་ཚུགས་ཀྱི་སྐོར་གླེང་སྐབས་4513གྱི་གྲངས་ཀ་དེ་མི་གླེང་ཀ་མེད་རེད།

    “4513”ནི་ལྕགས་ལམ་ལས་དོན་པས་ཉིན་མཚན་དབྱེར་མེད་དུ་སྒྲུབ་པའི་ཞབས་ཞུའི་ཚད་གཞི་ཡིན་པ་དང་། “མངོན་གསལ་དོད་པ་བཞི་དང་། མེད་པ་ལྔ། ཚད་ཤིང་གཅིག ཕྱིར་སྐྱོད་གསུམ”བཅས་ནང་དོན་གཙོ་བོར་བྱས་པའི་ཞབས་ཞུའི་སྤུས་རྟགས་རེད།

    མི་རིང་བའི་གོང་། ལྷ་ས་འབབ་ཚུགས་ལ་མངགས་ཐོ་ཞིག་འབྱོར་བ་སྟེ། རུས་ཆག་བྱུང་བའི་སྐྱེས་པ་ཞིག་མེ་འཁོར་Z22ལ་བསྡད་དེ་པེ་ཅིང་དུ་སྨན་བཅོས་ལ་འགྲོ་མཁན་ཡིན་པས་རོགས་རམ་བྱེད་དགོས་པ་དེ་རེད།

    “ཚོན་ལྔའི་ཁ་བཏགས”ཀྱི་ཞབས་ཞུ་སྟེགས་བུའི་ཁོངས་མི་ཡིན་པའི་བདེ་སྐྱིད་སྒྲོལ་མས་ཧ་རི་ཧུ་རི་གཏན་ནས་མེད་པར་འགྲུལ་པ་འབབ་ཚུགས་སུ་འབྱོར་མ་ཐག་འཕྲལ་མར་ལས་རོགས་ལ་བརྡ་ཐོ་བཏང་ནས་འགྲུལ་པ་མེ་འཁོར་ནང་ཁྲིད་རྒྱུའི་མངག་ཆ་བྱས་པ་མ་ཟད། འཕྲལ་དུ་མེ་འཁོར་གྱི་འགོ་གཙོ་དང་དེ་བཞིན་མེ་འཁོར་གྱི་སྨན་པ་དང་འབྲེལ་བ་བྱས་ཏེ་དོན་དག་དེ་རྩིས་སྤྲད། མེ་འཁོར་དུས་ཐོག་ཏུ་གཏོང་འགོ་ཚུགས་སྐབས་བདེ་སྐྱིད་སྒྲོལ་མས་པུས་མོ་སྦྲིད་པ་འཕུར་བཞིན་ལས་ཀ་གཞན་དག་བྱེད་འགོ་བརྩམས།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ཚོན་མདོག་སྣ་ལྔའི་ཁ་བཏགས་ཞེས་པ་ནི་ཅི་ཞིག་ཡིན་ནམ། “མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་ཡན་ལག་སྤུས་རྟགས་ཀྱི་གྲས་ཤིག་ནི་བོད་ཀྱི་སྲོལ་རྒྱུན་མཚོན་རྟགས་དང་མེ་འཁོར་འབབ་ཚུགས་ཀྱི་ཞབས་ཞུའི་ལས་དོན་མཉམ་འདྲེས་བྱས་ནས་དཀར་པོ་དང་། དམར་པོ། སེར་པོ། སྔོན་པོ། ལྗང་ཁུ་བཅས་ཚོན་མདོག་སྣ་ལྔས་ཆེད་གཏོགས་ཞབས་ཞུའི་ནང་དོན་མཚོན་པ་དེས་ཁ་དན་ཚིག་གནས་དང་། སྤྲོ་སེམས་འཁོལ་བ། ཞིབ་ཚགས་པ། གཙང་སྦྲ་དོད་པ། སྟབས་བདེ་བ་བཅས་མངོན་ཡོད་པ་དེ་རེད།

    “ཞབས་ཞུའི་ལས་སྟེགས་ནི་ས་ཚིགས་སུ་གཞི་ཚུགས་པའི་གཡུལ་ས་ཞིག་དང་འདྲ་བར་གནམ་ས་གཡོ་བའི་བྱ་སྤྱོད་རླབས་པོ་ཆེ་གང་ཡང་མིན་པར་ཚང་མ་ནི་འགྲུལ་པར་ལན་འདེབས་ལམ་སྟོན་དང་རོགས་སྐྱོར་ཞབས་ཞུ་སོགས་ཀྱི་རྒྱུན་གཏན་གྱི་བྱ་བ་ཙག་ཙིག་ཤ་སྟག་ཡིན་མོད། འོན་ཀྱང་ཁོང་ཚོས་འགྲུལ་པར་བདེ་འཇགས་ཚོར་སེམས་ཆེ་ཤོས་གཏོད་བཞིན་ཡོད”ཅེས་བདེ་སྐྱིད་སྒྲོལ་མས་བརྗོད།

    འཁོར་སྒྲོམ་ནང་དུ་འཐུལ་བའི་མར་གྱི་དྲི་ཞིམ།

    “ལྟོ་ཆས་སྐྱེལ་མཁན་གཅིག་དང་ཆུང་ཆུང་གསུམ”གྱི་ཞབས་ཞུའི་སྤུས་རྟགས་ཀྱིས་འགྲུལ་པར་ལྟོ་ཆས་སྐྱེལ་མཁན་གཅིག་དང་། སྙིང་ཉེ་བ་ཆུང་ཆུང་དང་། སྨན་གཡོག་ཆུང་ཆུང་། ཕྱག་མཛོད་ཆུང་ཆུང་བཅས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད།

    ཨ་ཅག་ཅིག་གིས“ཐོབ་ཐང”དེ་ལོངས་སྤྱོད་བྱས་རྗེས“ཁྱིམ་དུ་ལོག་པ་ལྟ་བུའི་སྙིང་ཉེ་བའི་ཚོར་སྣང་ཞིག་སྦྱིན་གྱི་འདུག”ཞེས་བརྗོད།

    སྐབས་དེར་ཁོང་ཧྲང་ཧའེ་ནས་ཐོན་ཏེ་ཟི་ལིང་བརྒྱུད་མེ་འཁོར་བརྗེས་རྗེས་བོད་དུ་བརྗེད་པར་དཀའ་བའི་ཡུལ་སྐོར་ཞིག་བྱ་རྒྱུར་རེ་སྒུག་ཆེན་པོ་བྱས། འོན་ཀྱང་མེ་འཁོར་ཐོན་ནས་ཡུན་རིང་མ་སོང་བར་ཁོ་མོས་ཡིད་གཟབ་མ་བྱས་རྐྱེན་ཅ་དངོས་ལྗིད་པོར་རྡོག་ཐོ་འཁེལ་ཏེ་རྐང་པའི་སེན་མོ་རྦད་དེ་གོག་ནས་ན་ཟུག་ཆེན་པོ་བཏང་།

    དེའི་སྐོར་ཐོས་འཕྲལ་མེ་འཁོར་གྱི“སྨན་གཡོག་ཆུང་ཆུང”ལམ་སེང་སྨན་བཅོས་བྱེད་པར་ཡོང་ནས། གཙང་སེལ་དང་དུག་སེལ་བྱས་རྗེས་རྨ་རས་དཀྲིས། སྐབས་དེར་ཁོང་རྐང་པ་འཛུགས་མི་ཐུབ་ལ་མལ་ཁྲི་ནས་ཀྱང་འབབ་མི་ཐུབ་པས། ཆེད་མངགས“ལྟོ་ཆས་སྐྱེལ་མཁན”དང་ཉེ་བཅར“ཕྱག་མཛོད་ཆུང་ཆུང”གིས་འཕྲལ་དུ་ལས་འགོ་བཙུགས་ནས། ཉིན་རེའི་ལྟོ་དུས་གསུམ་དུས་ཐོག་ཏུ་བསྐྱལ་བ་མ་ཟད། གསང་སྤྱོད་ཀྱི་གཡོག་བྱེད་ཀྱང་བཀོད་སྒྲིག་ཚགས་ཚུད་བྱས།

    ལོ་མང་རིང་། མཚོ་བོད་ལམ་ཐིག་ཏུ་འགྲོ་འོང་ཡང་ཡང་བྱེད་མཁན་ཧྲང་བོད་མེ་འཁོར་རུ་ཁག་བོད་ལྗོངས་ཚོ་ཆུང་ལྔ་པའི་མེ་འཁོར་འགོ་གཙོ་ཞུས་ཅཱ་རུའེ་ཡིས། མེ་འཁོར་གྱི་འགྲུལ་ཞབས་པའི་ངོས་ནས་བརྗོད་ན། མེ་འཁོར་ནང་གི་འགྲུལ་པ་མི་འདྲ་བ་རྐྱང་རྐྱང་ཡིན་པས། འབྲོག་ཁུལ་གྱི་རྒན་རྒོན་ཚོར་རྡོག་ཁྲེས་ལྕི་པོ་འཁྱེར་རོགས་བྱེད་པ་དང་། ལ་དུག་རྒྱག་མཁན་ཚོར་གསོ་རླུང་རྔུབ་ཏུ་འཇུག་པ། མངལ་འཁོར་བའི་བུད་མེད་ལ་གནས་སྐབས་ཀྱི“སྲོག་སྲུང་སྡོད་ས”བསྐྲུན་པ་སོགས་བྱེད་ཀྱི་ཡོད་ཅེས་བརྗོད།

    ཁ་ཞེ་གཉིས་མེད་ཀྱིས་རོགས་པ་བྱས་ཚེ་འགྲུལ་པས་ཐུགས་རྗེའི་སེམས་པ་མཚོན་པའི་བརྡ་ལན་སྤྲོད་ཀྱི་ཡོད།

    འཁོར་སྒྲོམ་ནང་དམིགས་བསལ་བྱ་བ་གང་ཡང་མཐོང་རྒྱུ་མེད་རུང་། ཁ་ལག་ཚ་པོ་ཕོར་པ་གང་དང་། རྒན་རྒོན་སྐྱོར་ཐེངས་གཅིག ཚིག་སྙན་པའི་འཚམས་འདྲི་རེ་རེ་བཅས་ནི་མཁའ་རླུང་ཁྲོད་ཀྱི་ཇ་བསྲུབས་མའི་དྲི་ཞིམ་དང་འདྲ་བར་མཁའ་ལམ་ཐོག་གི་མི་ཚང་མར་དྲོ་སྐྱིད་སྦྱིན་གྱི་ཡོད།

    ལྕཌ་ལམ་འགྲམ་གྱི“སྐལ་བཟང་མེ་ཏོག་དམར་པོ”

    གལ་ཏེ་མིག་ཟུང་མཚོ་བོད་ལྕགས་ལམ་གྱི་མཐའ་འཁོར་ས་ཁོངས་སུ་ཕྱོགས་ཚེ་རྣམ་པ་གཞན་ཞིག་མངོན་གྱི་ཡོད།

    མཚོ་བོད་ལྕཌ་ལམ་གྱི་འཕྲུལ་འཁོར་ལས་གཉེར་བ་དང་། ལྕགས་ལམ་ཉམས་གསོའི་ལས་མི། གློག་བཟོ་མཁན་སོགས་ལས་རིགས་ཁག་གི་སྐོར་ཞིབ་ཚོགས་པ་དང་ལམ་རྒྱུད་དུ་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་གྲུབ་པའི་ཞིང་འབྲོག་པའི་དང་བླངས་པ་ཚོ་ནི་མཁའ་ལམ་ཐོག་གི“གཅེས་པར་འོས་ཤོས་ཀྱི་མི”རེད།

    གཞན་ཡང་མེ་འཁོར་ལས་སྒྲུབ་ས་ཚིགས་གང་རུང་ཞིག་བརྒྱུད་སྐབས་ལམ་སྲུང་བས་གུས་འདུད་ཞུས་པ་དག་ནི་མཁའ་ལམ་རྒྱུད་ཀྱི་དམིགས་བསལ་མཛེས་ལྗོངས་ཤིག་དེ་བས་ཀྱང་རེད།

    མཚོ་བོད་ལྕགས་ལམ་ས་མཐོའི་དབུས་རྒྱུད་བརྒྱུད་སྐབས་ལམ་དུམ་མང་ཆེ་བ་ལོ་འཁོར་མོར་དགུན་དུས་དང་འདྲ་བར་གྲང་ངར་ཆེན་པོ་ཡོད་ལ། བྱེ་རླུང་དྲག་པོ་རྒྱུན་ཆད་མེད་པར་ལྡང་གི་ཡོད།

    ད་ལོ་ལོ་26ལ་སླེབས་པའི་ཀྲང་ཆན་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པ་ཚོགས་པའི་ལྕགས་ལམ་བདག་སྐྱོང་ཀུང་སི་ཨ་མདོ་འཁོར་ཁང་གི་ལས་བཟོ་བ་ཞིག་ཡིན་ཞིང་། ལས་ཀར་ཞུགས་ནས་ལོ་ལྔ་སོང་རིང་། ས་མཐོའི་ཉི་འོད་དྲག་པོ་དང་གནམ་གཤིས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བས་ཁོང་གི་གདོང་ནག་ཅིང་རྩུབ་པོར་གྱུར་ཡོད།

    ཀྲང་ཆན་དེ་གར་སླེབས་མ་ཐག་པའི་ལོ་དེའི་ཟླ་བདུན་པ་དང་བརྒྱད་པའི་བར་དུ་དྲག་ཆར་ཆེན་པོ་ཉིན་གང་བབས་པ་དང་། དགོང་མོའི་ཆུ་ཚོད་དགུ་པ་ཙམ་ལ་ཆར་ཤུགས་གློ་བུར་དུ་ཆེ་རུ་ཕྱིན་ནས་ཉེན་ཟོན་ཚད་གཞིར་སླེབས། “ལས་ཁུལ་གྱིས་ལས་མི་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་ཁག་བགོས་ཀྱིས་ལམ་ཐིག་ལ་སྐོར་གཡེང་བྱས་ནས། གཙོ་བོ་ཟམ་པའི་ཆུ་འགྲོ་དང་། ལམ་གཞིའི་ཞོར་གཏོགས་སྒྲིག་བཀོད། དེ་བཞིན་ལྕགས་ཁྲ་སོགས་སྒྲིག་ཆས་ལ་རྐང་ཐང་མར་ཞིབ་བཤེར་བྱས་པ་ཡིན”ཞེས་ཀྲང་ཆན་གྱིས་བརྗོད།

    དགོང་མོ་དེར་གནམ་རྒན་མས་ཚང་མར་རྐང་བཙུགས་ནས་ངན་པ་བྱས་པ་ལྟར། ཞིབ་བཤེར་ཚར་ནས་ལོག་པའི་ལམ་བར་དུ་ཆར་ཤུགས་གློ་བུར་དུ་ཆེ་རུ་ཕྱིན་པས། ཁོང་ཚོ་མ་གཞི་ངལ་དུབ་ཀྱིས་མནར་ཡོད་ཀྱང་ཡང་བསྐྱར་སྐོར་ཞིབ་བྱེད་འགོ་མི་རྩོམ་ཐབས་མེད་བྱུང་། ཡུན་རིང་པོ་མ་སོང་བར་ཆར་ཤུགས་ཆུང་དུ་ཕྱིན་པ་དང་སྐོར་ཞིབ་ཚར་རྗེས་ནང་ལ་ལོག དེ་ལྟར་ཡང་ཡང་སྐོར་ཞིབ་ཐེངས་བཞི་བྱས་ནས་ལམ་ཐིག་སྐོར་ཞིབ་མཇུག་ཤོས་དེ་ལེགས་སྒྲུབ་ཟིན་རྗེས་ནམ་ཡང་ལངས།

    འདི་ལྟ་བུའི་མཚན་གང་ལས་སྒྲུབ་ནི་རྒྱུན་རྣམ་ཅན་གྱི་བྱ་བ་ཞིག་རེད།

    ལམ་སྐྱོང་བ་ཞིག་གིས། ལམ་ཐིག་བརྟན་པོ་སྲུང་བ་དང་ཁོར་ཡུག་ཡག་པོ་སྲུང་བ་ནི་ཡུལ་སྐོར་བས་ཐད་ཀར་ཚོར་ཐུབ་པའི་ཞབས་འདེགས་ཡག་ཤོས་ཤིག་རེད་ཅེས་བརྗོད།

    མཚོ་བོད་ལྕགས་ལམ་དུ་ཁུ་སིམ་མེར་ལེགས་སྐྱེས་འབུལ་མཁན་ཚོར་སྙིང་དབུས་ནས་གུས་འདུད་ཞུ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།