དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་རྡི་ལི་གསར་པར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རྡི་ལི་གསར་པ་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུར་ཞུགས་པ་དང་། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་བློ་འདྲི་བ་ཏུའོ་ཝར་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ། འབོ་གསེར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མི་དང་དེ་བཞིན་འགན་འཁུར་བ་སོགས་ཚོགས་འདུར་ཞུགས་ནས་རྒྱུན་སྲོལ་མིན་པའི་བདེ་འཇགས་ཀྱི་འགྲན་སློང་དང་་། འཇིགས་རྒོལ། དྲ་རྒྱའི་བདེ་འཇགས་སོགས་ཀྱི་གྲོས་གཞིར་དམིགས་ཏེ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་རེད།

    ཝང་དབྱིས་གསུངས་དོན། འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་ལོ་20སོང་བ་དང་འཛམ་གླིང་ཐོག་ཞི་བདེ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད། དྲང་བདེན་སྲུང་བ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་རིམ་བཞིན་འགྱུར་གྱི་ཡོད། མིག་སྔའི་རྒྱལ་སྤྱིའི་རྣམ་པར་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བའི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་དང་མཉམ་དུ་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་གྱི་ཡང་དག་པའི་ཁ་ཕྱོགས་མཉམ་དུ་བརྟན་སྲུང་བྱེད་འདོད་ཡོད།

    གཅིག་ནས་འབོ་གསེར་གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ཤིང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དཔུང་ཁག་དང་པོ་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱིས་སྣེ་ཁྲིད་དེ་དྲང་གཏམ་ཤོད་པ་དང་བདེན་དོན་བསྒྲུབས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གནས་བབ་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་དགོས།

    གཉིས་ནས་འབོ་གསེར་གྱི་ཐུན་མོང་ངོས་འཛིན་ལ་བརྟེན་ནས་བདེ་འཇགས་ཀྱི་དཀའ་གནད་སེལ་དགོས་ཤིང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་སྟེ། གླེང་མང་བའི་གནད་དོན་དག་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱེད་དགོས།

    གསུམ་ནས་འབོ་གསེར་གྱི་བྱ་སྤྱོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཤིང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་ཕྱིའི་བར་སྣང་དམག་དོན་ཅན་ལ་སྤྱོད་རྒྱུར་ངོ་རྒོལ་བྱེད་པ། གོ་ལ་ཧྲིལ་པོའི་ནུས་རྒྱུ་དང་འབྲུ་རིགས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པ། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཨ་ཧྥེ་རི་ཁའི་ཨའེ་པོ་ལ་རིམས་ནད་ལ་མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་བྱེད་དགོས།

    བཞི་ནས་འབོ་གསེར་གྱི་བློ་གྲོས་ལ་བརྟེན་ནས་གསར་དར་ཁྱབ་ཁོངས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མི་ཐབས་རིག་ནུས་ཀྱི་ཉེན་ཁ་འགོག་ཟོན་ནན་པོ་བྱེད་པ་དང་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཚད་ལྡན་དུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཐབས་ལམ་གཙོ་བོར་བྱས་ཏེ་གོ་ལ་ཧྲིལ་པོའི་དྲ་རྒྱའི་བར་མཐོངས་དང་གྲངས་འཛིན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

    ཝང་དབྱིས་གསུངས་དོན། འབོ་གསེར་གྱི་གསོན་ཤུགས་ནི་འདྲ་མཉམ་གཉིས་ཕན་ལ་ཐུག་པ་དང་འབོ་གསེར་གྱི་སྟོབས་ཤུགས་ནི་མཐུན་སྒྲིལ་རོགས་རེས་ལ་ཐུག་ཡོད། ཕྱི་ལོ་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་འབོ་གསེར་རོགས་ཟླ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་ཧུར་ཐག་བསྟར་ཏེ། འཕེལ་རྒྱས་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ལ་བརྟེན་ནས་བརྟན་ལྷིང་འགན་ལེན་བྱེད་པ། ཤེས་དཔལ་ལ་བརྟེན་ནས་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། བཅོས་སྐྱོང་ལ་བརྟེན་ནས་གཞུང་དྲང་དོན་གཉེར་བཅས་ཀྱི་ཐོག་ནས་མཉམ་དུ་ཞི་བདེ་དང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།