དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་4%འཕར་བ།

    ཡོང་འབབ་འཕར་བའི་འཕེལ་ཕྱོགས་མུ་མཐུད་བརྟན་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-26

    ཚེས་22ཉིན་ནོར་སྲིད་པུས་ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་10.05ཟིན་པ་དེ་དུས་མཚུངས་ལས་4%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས་0.5མཐོ་རུ་ཕྱིན་ཏེ་ཡོང་འབབ་འཕར་བའི་འཕེལ་ཕྱོགས་མུ་མཐུད་བརྟན་དུ་ཕྱིན་ཡོད། དེའི་ནང་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8.26ཟིན་ནས་4.4%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ཅུང་ཡག་པོ་ཐུབ་ཡོད།

    ཁྲལ་རིགས་དབྱེ་ནས་བལྟས་ན། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་6.2%འཕར་བ་དང་འཕར་ཚད་ཟླ་4བསྟུད་མར་མཐོ་རུ་ཕྱིན་པ་དེ་གཙོ་བོ་བཟོ་ལས་ཞབས་ཞུའི་ལས་རིགས་རྒྱུན་མཐུད་འཕར་བ་དང་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་འཕར་བ་སོགས་ཀྱི་སྐུལ་ཁྲིད་ལས་བྱུང་བ་དང་། ནང་འདྲེན་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་10.4%འཕར་བ་དེ་གཙོ་བོ་ཕྱི་ཕྱོགས་ཚོང་དོན་གྱི་ནང་འདྲེན་འཕར་མགྱོགས་པོ་ལས་བྱུང་བ། ཁེ་ལས་ཀྱི་ཐོབ་ཁྲལ་0.2%འཕར་བ་དང་རིམ་རྩིས་བརྒྱབ་ན་འཕར་ཚད་ཆག་པ་ནས་འཕར་བའི་ཕྱོགས་སུ་བསྒྱུར་བ། ཕྱིར་གཏོང་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་བསློགས་ཚད་སྒོར་དུང་ཕྱུར་ཁྲི་1.13ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་462ཀྱིས་མང་བ་བསློགས་ནས་4.3%འཕར་བ་དེ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་འཕར་སྣོན་ལ་རྒྱབ་སྐྱོར་བྱས་པ་ལས་བྱུང་བ། དངུལ་འཛིན་ཉོ་ཚོང་གི་འཛིན་ཁྲལ་88.8%འཕར་བ་དེ་གཙོ་བོ་མ་རྐང་ཚོང་རའི་ཚོང་འགྲིག་དངུལ་གྲངས་འཕར་བ་ལས་བྱུང་བ་བཅས་རེད།

    ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་11.39ཟིན་པ་དེ་དུས་མཚུངས་ལས་0.8%འཕར་བ་དང་གཏོང་སྒོའི་གཞི་ཁྱོན་ནི་ལོ་འགོའི་སྔོན་རྩིས་ཀྱི་37.9%ཡིན་པ་དང་མྱུར་ཚད་དེ་ལོ་ཤས་གོང་གི་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད། དེའི་ནང་འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་11.3%འཕར་བ་དེ་གཙོ་བོ་བུ་གསོའི་ཁ་གསབ་དང་ནོར་སྲིད་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩར་ཁ་གསབ་རོགས་དངུལ་སྤྲོད་ཚད་སོགས་འཕར་བ་ལས་བྱུང་བ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་6.3%འཕར་བ། སྡོད་ཁང་འགན་སྲུང་གི་གཏོང་སྒོ་6.9%འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།