མི་མེད་ལྗང་འཛུགས་འཕྲུལ་འཁོར་རི་མ་ཐང་དང་རི་ལྡེབས་སུ་སྤྱོད་ཐུབ་པ།

འདི་ནི་མི་མེད་ལྗང་འཛུགས་འཕྲུལ་འཁོར་གྱིས་ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་ཆུས་ཧྲུའེ་ཁོའུ་སྡེ་ཁུལ་དུ་ལྗང་པ་འཛུགས་རིང་ཞིང་པ་ཞིག་གིས་ལྗང་འཛུགས་གཞོང་པར་ཞིབ་བཤེར་བྱེད་བཞིན་པ།
ཁྲུང་ཆིང་ཐུང་ནན་ཆུས་ཅུའེ་ནུའེ་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྨི་ཧུང་གིས“ད་ལོ་ང་ཚོས་མི་མེད་ལྗང་འཛུགས་འཕྲུལ་འཁོར་ནང་འདྲེན་བྱས་པ་དེ་བྱང་སྐར་ཕྱོགས་སྟོན་དུའང་སྤྱད་ཆོག”ཅེས་དགའ་ཚོར་ཆེན་པོས་བཤད།
ཐུང་ནན་ཆུས་ནི་ཁྲུང་ཆིང་ནུབ་རྒྱུད་ཀྱི་རི་མ་ཐང་གི་ལྟེ་བར་གནས་ཤིང་། དེ་གའི་རྨོ་ཞིང་ཁ་ཐོར་ཡིན་པ་དང་ས་བབ་ཀྱི་ཆགས་ཚུལ་ཡང་ཁྱད་པར་ཆེན་པོ་ཡོད། ལྗང་བུ་འཛུགས་པ་ནི་དེ་གའི་ཞིང་པའི་ངོས་ནས་དཀའ་ངལ་ཆེ་ཤོས་ཀྱི་ལས་ཀ་ཞིག་ཡིན།
འདས་སོང་ལ་ཕྱིར་དྲན་བྱེད་སྐབས། སྨི་ཧུང་ལ་མྱོང་ཚོར་མང་པོ་བརྗོད་རྒྱུ་ཡོད་ཅིང་། ཁོང་གིས“གྲོང་ཚོའི་ན་གཞོན་མང་ཆེ་བ་ཕྱིར་གླ་པར་ཕྱིན་ཏེ། སོ་ནམ་བྱེད་མཁན་གཙོ་བོ་གཞིས་སྲུང་རྒན་རྒོན་དག་ཡིན། ཞིང་ནང་དུ་ཉིན་གང་མགོ་བོ་སྒུར་སྒུར་བྱས་ནས་ལྗང་པ་བཙུགས་ན་གང་ཙམ་ནས་རྐེད་པ་དང་སྒལ་པར་ན་ཟུག་དྲག་པོ་གཏོང་གི་ཡོད”ཅེས་བཤད།
ལྗང་འཛུགས་ཀྱི་ནམ་དུས་འཆར་རིམ་བཞིན་ལས་ཀ་བྱེད་མཁན་མི་འདང་བའི་གནས་ཚུལ་ཆེ་རུ་འགྲོ་གི་ཡོད། “སྐབས་འཕྲལ་མི་འཚོལ་རྒྱུ་དེ་ཁག་པོ་ཡོད་པ་མ་ཟད། གླ་ཆའང་མཐོ་བས་མ་གནས་ལམ་སེང་འཕར་གྱི་ཡོད”ཅེས་སྨི་ཧུང་གིས་བཤད་པ་དང་། ཁོང་གིས་དེ་གོང་ལྗང་འཛུགས་འཕྲུལ་འཁོར་རྙིང་པ་སྤྱོད་མྱོང་ཡང་དེ་གའི་ཞིང་ཁ་གུ་དོག་པ་དང་། མང་ཆེ་བ་རི་མ་ལྡེབས་སུ་ཡོད་པའི་དབང་གིས་འཕྲུལ་འཁོར་བཀོལ་སྤྱོད་མཁས་པོ་མེད་ཚེ་དངོས་འབྲེལ་དཀའ་ལས་ཁག་པོ་རེད་ཅེས་བཤད།
ཁྲུང་ཆིང་གི་འབྲུ་སྣུམ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཐུང་ནན་ཆུས་སུ་ལོ་ལྟར་ཆུ་འབྲས་འདེབས་ཁྱོན་མུའུ་ཁྲི་40ཙམ་ཟིན་གྱི་ཡོད། གོང་གི་གནད་དོན་དེ་དག་ལ་དམིགས་ནས་ས་གནས་དེ་གས་ཐོག་མཐའ་བར་གསུམ་དུ་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་ཐབས་ཤེས་གང་ཡོད་འདོན་བཞིན་ཡོད།
ཐུང་ནན་ཆུས་ཞིང་ལས་ཚན་རྩལ་ཁྱབ་གདལ་ལྟེ་གནས་འབྲུ་སྣུམ་ས་ཚིགས་ཀྱི་ཀྲེན་ཀྲང་ཏེང་ཧའོ་ཡིས“ང་ཚོས་ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་འདེབས་དུད་ཆེ་གྲས་ལ་ཁྲིད་སྟོན་གྱིས་ལྗང་འཛུགས་ཀྱི་སྒྲིག་ཆས་གཅིག་སྡུད་ཐོག་བེད་སྤྱད་ནས་འཕྲུལ་འཁོར་གྱིས་ལྗང་པ་འཛུགས་རྒྱུ་ཁྱབ་གདལ་བཏང་བ་དང་། ལྷག་པར་དུ་ད་ལོར་མི་མེད་ལྗང་འཛུགས་འཕྲུལ་འཁོར་ཁག་གཅིག་ནང་འདྲེན་བྱས་པ་དེས་ང་ཚོའི་སེམས་ཁྲལ་བསལ་བྱུང་ལ་ངལ་རྩོལ་ནུས་ཤུགས་ཀྱང་དེ་ཙམ་འདོན་དགོས་མ་བྱུང”ཞེས་བཤད། ཁོང་གིས་ལམ་ཐིག་སྔོན་ཚུད་ནས་གཏན་འཁེལ་ཡག་པོ་བྱས་ཚེ་འཕྲུལ་འཁོར་གྱིས་རང་འགུལ་ངང་ཐད་ཀར་སྐྱོད་པ་དང་། ཁ་གཅུད་པ། ཕྱིར་ལོག་པ་བཅས་བྱེད་པས་ལྗང་པ་འཛུགས་མཁན་གྱི་ལས་རོགས་བཟང་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
མི་མེད་ལྗང་འཛུགས་འཕྲུལ་འཁོར་སྤྱོད་བདེ་བ་དང་། ཁ་གཅུད་སླ་བས་དེའི་ལས་ཕྱོད་ཧ་ཅང་ཆེ་ལ། འཕྲུལ་འཁོར་གཅིག་གིས་ཉིན་རེར་འབྲས་ཞིང་མུའུ་སུམ་ཅུ་བཞི་བཅུ་ལ་ལྗང་པ་འཛུགས་ཐུབ་པ་དེ་མིས་ལྗང་པ་འཛུགས་པ་ལས་ལྡབ་བཅུ་ཕྲག་ཁ་ཤས་ཀྱིས་མགྱོགས་པ་མ་ཟད། ལྗང་འཛུགས་འཕྲུལ་འཁོར་རྙིང་པ་དང་བསྡུར་ཚེ་དེའི་མ་གནས་ཀྱང་ཧ་ཅང་དམའ་པོ་རེད། འབྲས་ཞིང་མུའུ་རེ་ནས་མིའི་འདེབས་འཛུགས་ཀྱི་མ་གནས་སྒོར་7ཙམ་གྲོན་ཆུང་ཐུབ་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐུང་ནན་ཆུས་སུ་བྱང་སྐར་ཕྱོགས་སྟོན་ལ་རམ་འདེགས་ཐུབ་པའི་མི་མེད་ལྗང་འཛུགས་འཕྲུལ་འཁོར་དང་རིག་ནུས་ཐོ་ཕྲུག་སོགས་དེང་རབས་ཅན་གྱི་ཞིང་འཕྲུལ་30ལྷག་ཙམ་བཀོད་སྒྲིག་བྱས་པས་ཆུ་འབྲས་འདེབས་པ་དང་། གཡོག་བྱེད། བསྡུ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་ཚད་68%བར་མཐོ་རུ་བརྟན་པོ་ཕྱིན་ནས་མ་གནས་ཤུགས་ཆེན་ཆག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།