དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྒོ་རྩ་རུ་ཞབས་འདེགས་ཞུས། དྲོ་སྐྱིད་ཀྱི་འཚོ་བ་བཏོད།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་ནི་དཔེ་མཚོན་གྱི་གྲོང་ཁྱེར་ནང་གི་གྲོང་ཚོ་ཞིག་ལགས། ཁོངས་གཏོགས་ཁུལ་དུ་སྲང་ལམ་མང་བ་དང་ཁུལ་ཆུང་རྙིང་པ་མང་ཞིང་། རྒྱུན་སྡོད་གྲོང་མི་དང་། ཁེར་སྡོད་རྒན་རྒོན། ཕྱི་ནས་ཡོང་བའི་གླ་པ་སོགས་མི་ཚོགས་མང་བས་འཁྲུག་ཆ་ཧ་ཅང་དོད་པ་དང་། མང་ཚོགས་ཀྱི་རྒྱུན་གཏན་ལས་ཀ་སྒྲུབ་སྟབས་བདེ་ལ་དམངས་འཚོའི་དགོས་མཁོ་ཞིབ་ཕྲ་སྣ་མང་ཡོད།

    ཉེ་བའི་ལོ་ཤས་རིང་། ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཚོད་ལྟའི་ལས་ཀའི་ཉམས་མྱོང་དཔྱད་གཞིར་བཟུང་བ་དང་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ནང་གི་གྲོང་ཚོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་གཏོད་དེ། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་དང་། ཐག་ཉེ་སར་སྨན་བཅོས། རྒན་གསོ་བཅོལ་གསོ། རིག་གནས་སློབ་སྦྱོང་། སྤྲོ་གསེང་སྦྱོང་བརྡར་སོགས་དམངས་འཚོའི་བྱ་བ་དངོས་ལ་དམིགས་ནས་གནད་སྨིན་ཇུས་འགོད་བྱས་ཤིང་། ཁྲོམ་གཞུང་དང་སྒོ་རྩར་ཞབས་འདེགས་ཞུ་བ་དང་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་ཆུང་ཙག་ལ་བརྟེན་ནས་དམངས་ཕན་འཚོ་བའི་འཁོར་རྒྱ་ལས་ཡུལ་མི་ཚང་མར་ཕན་ཐོགས་པར་བྱས་པ་རེད།

    ཐག་ཉེ་སར་འཚོ་བའི་ལས་རྣམ་བཏོད་པ།

    གྲོང་ཁྱེར་ནང་གི་གྲོང་ཚོའི་ཡུལ་མིའི་ངོས་ནས་བརྗོད་ན། ཉིན་ལྟར་སྔོ་ཚལ་ཉོ་བ་དང་། འཚོ་བའི་མཁོ་ཆས་ཉོ་བ། ཉམས་བཟོ་ཙག་ཙིག་བྱེད་པ་བཅས་ནི་ཉིན་རེའི་འཚོ་བའི་ཆེས་རྨང་གཞིར་གྱུར་པའི་དགོས་མཁོ་རེད། དེ་སྔ་གྲོང་ཁྱེར་ནང་གི་གྲོང་ཚོའི་འཆར་འགོད་ཅུང་སྔ་བ་དང་དམངས་ཕན་ཚོང་ཁང་ཐར་ཐོར་ཡིན་པས། གྲོང་མི་མི་ཉུང་བ་ཞིག་ཤིང་འབྲས་དང་སྔོ་ཚལ་སོས་པ་ཉོ་བར་ལམ་ཐག་རིང་པོ་བསྐོར་ནས་འགྲོ་དགོས་པ་དང་། གྱོན་གོས་འཚེམ་བཟོ་དང་ཆུ་གློག་ཉམས་བཟོ་བྱེད་མཁན་གྱི་དམངས་ཕན་ཁྲོམ་བཀྱག་ཅུང་དཀོན་པས། རྒན་རྒོན་དང་ནང་ལས་བྱེད་མཁན་སྟབས་བདེ་པོ་མེད། ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་གཞིགས་ནས་བཀོད་སྒྲིག་མཐའ་འཁྱོངས་བྱས་ཏེ། སྐར་མ་15ཡི་རྐང་ཐང་ཁྱབ་ཁོངས་ནང་དམངས་ཕན་ལས་རྣམ་སྣ་ཚོགས་ལ་སྤྱི་འདོམས་དང་ཚད་ལྡན་དུ་བཏང་ནས་འཚོ་བའི་ལྷན་སྦྱར་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ཡོད།

    ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་རང་འགུལ་གྱིས་འབྲེལ་གཏུག་བྱས་ཏེ། གོང་ཁེའི་སྔོ་ཚལ་ཚོང་ཁང་དང་། དམངས་ཕན་ཞོགས་ཟས་ཁང་། རྒྱུན་མཁོའི་བརྒྱ་ཟོག་ཚོང་ཁང་བཅས་འཆར་འགོད་ལུགས་མཐུན་བྱེད་པ་དང་། ཁྲོམ་ཟུར་གྱི་ཉམས་བཟོ་ཁང་དང་། འཚེམ་ཁང་། ལྡེ་མིག་བཟོ་ཁང་སོགས་དམངས་ཕན་སྐོར་སྐྱོད་ཁྲོམ་བཀྱག་ཚད་ལྡན་དུ་བཏང་བས། གྲོང་ཁྱེར་གྱི་རྣམ་པར་དོ་དམ་ཐུབ་པ་མ་ཟད་དམངས་འཚོའི་འཚོ་བའི་རྣམ་པར་ཡང་གཏོར་སྐྱོན་ཕོག་མེད། ཡུལ་མིའི་རྒྱུན་གཏན་གྱི་བཟའ་བཏུང་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ་ཚོང་པར་ཐག་ཉེ་སར་མར་དང་། ཕྱུར་བ། རྩམ་པ། ཤ་སྐམ་པོ་སོགས་ཡུལ་ཟོག་འཚོང་ས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཡུལ་མིས་ཆེད་མངགས་ཁྲོམ་རར་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་འགྲམ་ནས་རྒྱུན་གཏན་གྱི་མཁོ་ཆས་ཉོ་ཐུབ་པར་འགན་ལེན་བྱས་པ་རེད།

    མི་རིང་བའི་གོང་། ཀརྨ་དགོན་གསར་ཁྲོམ་གཞུང་དར་དམར་ནུབ་ལམ་གྱི་གློག་སྐུད་སྒྱུར་བཀོད་བྱེད་སྐབས་འགྲོ་ལམ་བཀག་ནས་ཨར་སྐྲུན་བྱས་པའི་དབང་གིས་སྔོ་ཚལ་ཉོ་ཁག་ཏུ་སོང་བས། ཁྲོམ་གཞུང་གིས་འཕྲལ་མར་སྡེ་ཁུལ་གྱི་ལས་དོན་པ་དང་། དྲ་མིག་པ། དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་ཨར་སྐྲུན་བྱེད་རིང་སྔོ་ཚལ་དང་ཤིང་འབྲས་མཁོ་སྤྲོད་མ་ཆད་པར་འགན་སྲུང་བྱས་ཤིང་། ཡུལ་མི་ཕྱིར་དོན་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

    དེ་གར་ཉིན་རེའི་ལྟོ་དུས་གསུམ་གྱི་ཟས་སྣ་གསར་པ་དང་། ཡང་ན་འཚོ་བའི་ནང་གི་ཉམས་བཟོའི་དོན་དག་ཆུང་ཙག་གང་ཡིན་རུང་། ཁྲོམ་གཞུང་གིས་ཡུལ་མིའི་དགོས་མཁོ་ཐོག་མཐའ་བར་གསུམ་དུ་གཙོ་བོར་འཇོག་པ་མ་གཏོགས་ཚོང་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དོན་གཉེར་མི་བྱེད་པར་ཆུང་ལ་ཆ་ཚང་བའི་ཉེ་འཁོར་གྱི་ལེ་ལག་ཁོ་ན་སྒྲུབ་ཅིང་། སྐར་མ་15ཡི་རིང་གི་འཚོ་བའི་འཁོར་རྒྱར་བརྟེན་ནས་རྒྱུན་གཏན་འཚོ་བའི་དམངས་ཕན་བྱ་བཟང་གང་ལེགས་བསྒྲུབས་ཡོད།

    ཉེ་འཁོར་གྱི་བདེ་ཐང་ཞབས་ཞུར་གཞོལ་བ།

    ས་མཐོའི་དམིགས་བསལ་གྱི་གནམ་གཤིས་ཁོར་ཡུག་ལས་གཅོང་ནད་ལ་དོ་དམ་དང་། རྒྱུན་གཏན་གྱི་ལུས་གསོ། གློ་བུར་གཟུགས་པོ་མི་བདེ་བ་ཐག་གཅོད་བཅས་ནི་ཡུལ་མི་མང་ཚོགས་ཀྱི་དམངས་འཚོའི་དགོས་མཁོ་གལ་ཆེན་དུ་གྱུར་ཡོད། དེ་སྔོན་ཡུལ་མི་མི་ཉུང་བར་མགོ་ཡུ་འཁོར་བ་དང་། གསོ་རླུང་དཀོན་པ། ཁྲག་ཤེད་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཆུང་ངུ་ཐོན་ན་ཐད་ཀར་སྨན་ཁང་ཆེན་པོར་སོང་ནས་སྨན་བཅོས་བྱེད་པར་གོམས་ཡོད་ཀྱང་། ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཉེ་འཁོར་གྱི་སྨན་བཅོས་བདེ་ཐང་གི་ཞབས་ཞུ་དེ་སྐར་མ་15ཡི་རིང་གི་དམངས་ཕན་འཁོར་རྒྱར་གཅིག་སྡུད་བྱས་ཤིང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ་རྨང་གཞིའི་བརྟག་བཅོས་དང་། བདེ་ཐང་ཐད་ཀྱི་འགོག་སྲུང་། ས་མཐོའི་ལུས་གསོ་བཅས་སྐར་མ་བཅོ་ལྔའི་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་པ་རེད།

    ཀརྨ་དགོན་གསར་ཁྲོམ་གཞུང་གི་ལས་དོན་པ་སྡེ་ཁུལ་དུ་བསྐྱོད་ནས་ཡུག་ཁུལ་དབྱེ་སྟེ་དུད་ཚང་འགན་གཙང་བླངས་ཏེ་ཁེར་སྡོད་རྒན་རྒོན་དང་ལོ་ན་བགྲེས་པའི་དུད་ཁྱིམ་དུ་ཁྲག་ཤེད་ལྟ་བ་དང་། ས་མཐོའི་འཚོ་བའི་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་སྟེ་རྐང་ལག་མི་བདེ་བ་དང་གཅོང་ནད་ཡོད་པའི་ཡུལ་མིར་གཞིགས་ཏེ་སྡེ་ཁུལ་གྱིས་སྨན་དོན་མི་སྣ་དང་མཉམ་དུ་སྒོ་རྩར་བརྟག་བཅོས་དང་། སྨན་རྫས་ལེན་རོགས། དྲག་སྐྱེད་མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་ནས་ཡུལ་མི་རྣམས་སྨན་ཁང་དུ་སྐྱོད་པའི་དཀའ་ངལ་ཆུང་དུ་བཏང་ཡོད།

    སྤྲོ་གསེང་སྦྱོང་བརྡར་གྱི་བར་མཐོངས་ཆེ་རུ་བཏང་བ།

    མང་ཚོགས“གང་དུ་ལུས་སྦྱོང་བྱེད་པར་བསྐྱོད་པའི”དཀའ་གནད་ཐག་གཅོད་ཏན་ཏིག་བྱ་ཆེད། ཀརྨ་དགོན་གསར་ཁྲོམ་གཞུང་གིས་དམངས་འཚོའི་དགོས་མཁོར་དམིགས་པ་དང་། སྤྱི་པའི་ལུས་རྩལ་ཞབས་ཞུ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ། སྡེ་ཁུལ་དང་ཁྲོམ་གཞུང་ཟུར་གྱི་ས་སྟོང་དང་། ལམ་ཟུར་སྤྱི་གླིང་། ལུས་སྦྱོང་གོམ་ལམ་བཅས་གང་ལེགས་སྤྱད་དེ་ལུས་སྦྱོང་སྒྲིག་བཀོད་རྒན་འཕྲོད་ཅན་དང་བྱིས་འཕྲོད་ཅན་གྱི་སྒྱུར་བཀོད་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། སྡེ་ཁུལ་7དུ་རྒན་གཞོན་ཚང་མར་འཚམ་འཕྲོད་ཀྱི་ལུས་སྦྱོང་བྱེད་སྒོའི་ཁུལ་བསྐྲུན་ནས་སྟོབས་ཤུགས་སྦྱོང་བརྡར་དང་། དབྱང་ལྡན་ལུས་རྩལ། བྱིས་པའི་རོལ་རྩེད་སོགས་ཡོ་བྱད་སྣ་ཚོགས་བཀོད་སྒྲིག་བྱས་ཏེ། མི་ཚོགས་མི་འདྲ་བའི་སྦྱོང་བརྡར་གྱི་དགོས་མཁོ་བསྐངས་ནས། ཡུལ་མི་ཚོ་ཕྱིར་སྦྱོང་བརྡར་དང་། འཆམ་འཆམ། སྤེལ་རེས་བཅས་ཐུབ་པར་བྱས་ཡོད།

    ད་ཆ་ཡུལ་མི་ཚོ་རྐང་ཐང་མར་སྐར་མ་ཁ་ཤས་བསྐྱོད་ཚེ་ལམ་སེང་ལུས་སྦྱོང་བྱ་ཡུལ་དུ་སླེབས་ཀྱི་ཡོད་པས་སྦྱོང་བརྡར་བྱེད་སྟབས་བདེ་རུ་ཕྱིན་ཡོད། སྒྲིག་བཀོད་འཐུས་སྒོ་ཚང་ལ་ཁོར་ཡུག་སྐྱིད་སྣང་དོད་པས་འཚོ་བའི་སྐྱིད་སྣང་ཆེ་རུ་ཏན་ཏིག་ཕྱིན་འདུག་ཅེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱེད་ཀྱི་ཡོད།

    ཀརྨ་དགོན་གསར་ཁྲོམ་གཞུང་གི་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་དེ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་གི་བཀོད་པ་དང་། ཡུལ་མིའི་འཚོ་བའི་ཁྱད་ཆོས། མང་ཚོགས་ཀྱི་རེ་འདུན་དངོས་བཅས་དང་འཚམ་ནས། འཚོ་བ་དང་། སྨན་བཅོས། རྒན་གསོ། སྤྲོ་གསེང་སོགས་ཞབས་ཞུའི་ཞན་ཆ་སྣ་ཚོགས་རིམ་བཞིན་བསལ་ཡོད། བར་ཐག་སྐར་མ་15ཁོ་ནའི་ནང་ཡུལ་མི་ཚོའི་ཉིན་གཅིག་གི་ལྟོ་དུས་གསུམ་དང་། བདེ་ཐང་། ལྟ་སྐྱོང་། བསམ་པའི་འཚོ་བ་བཅས་ཀྱི་རྒྱུན་གཏན་དགོས་མཁོ་ཚང་མ་སྐོང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།