གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས།
ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།
ད་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན”གྱི་ལས་འགན་ལ་དམིགས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་། ཕན་འབྲས་ཆེར་གཏོང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེར་གཏོང་། ཞབས་ཞུ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་ཚོང་འགུགས་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
རྣམ་གྲངས་གྲབས་གསོག་ཐད། ཅུས་དེས་རྫོང(ཆུས)ཁག་གིས་གོང་ཞུ་བྱས་པའི་རིག་གནས་དང་ཡུལ་སྐོར་གྱི་ཚོང་འགུགས་རྣམ་གྲངས་ཕྱོགས་ཡོངས་ནས་འཚོལ་བསྡུ་དང་ཕྱོགས་སྒྲིག་བྱས་ཏེ། གྲོང་ཁྱེར་རིམ་པའི་རིག་གནས་ཡུལ་སྐོར་ཚོང་འགུགས་རྣམ་གྲངས་ཀྱི་གྲབས་གསོག་མཛོད་བཟོས་ནས་གྲབས་གསོག་རྣམ་གྲངས་ཁག་20ལ་གསེད་བཀྲོལ་བྱས་པ་དང་ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.7གཏོང་རྒྱུ་རེད། གདམ་གསེས་དང་རིགས་པས་ཁུངས་སྐྱེལ་བྱས་པ་དང་རིགས་དབྱེ་སྐུལ་འདེད་བཏང་བ་བརྒྱུད། འཆར་གཞི་དོན་འཁྱོལ་གྱི་རྣམ་གྲངས་ཁག་4གཏན་འཁེལ་བྱས་པར་སྔོན་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་0.32བཏང་ནས་གསལ་ཐོ་ཅན་གྱི་དོ་དམ་དང་དུས་ཚིགས་ཅན་གྱི་སྐུལ་འདེད་བཏང་སྟེ། རྗེས་མཐུད་གནད་སྨིན་ཚོང་འགུགས་དང་རྣམ་གྲངས་དོན་འཁྱོལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
ཚོང་གཉེར་ཁོར་ཡུག་བཟང་པོ་ནི་ཁེ་ལས་ཀྱི་མ་འཇོག་ཡིད་ཆེས་དང་རྣམ་གྲངས་དོན་འཁྱོལ་གྱི་འགན་ལེན་གལ་ཆེན་ཞིག་རེད། དེའི་ཐད། གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཚོང་འགུགས་མ་འདྲེན་གྱི་ལྟེ་བའི་འགྲན་རྩོད་ནུས་པར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ། རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་ལམ་སྲོལ་དོན་འཁྱོལ་བྱེད་པ། རང་འགུལ་ངང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ཡག་ཏུ་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་ཞབས་ཞུར་བརྟེན་ནས་རྣམ་གྲངས་མགྱོགས་མྱུར་གན་འཇོག་དང་། མགྱོགས་མྱུར་དོན་འཁྱོལ། མགྱོགས་མྱུར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།