སོ་ནམ་དུས་ཚོད་དམ་འཛིན་བྱས། ཞིང་ས་གཤིན་པོར་ས་བོན་བཏབ།
—— གཞིས་རྩེ་གྲོང་ཁྱེར་གྱིས་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་དམ་འཛིན་བྱས་པའི་སྐོར་བཀོད་པ།

འདི་ནི་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོའི་ཡུལ་མིས་ཞིང་ནང་དུ་འཕྲུལ་ཆས་ཀྱིས་རྨོ་འདེབས་བྱེད་པར་ལྟ་བཞིན་པ།

འདི་ནི་ལག་རྩལ་པས་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོའི་ཡུལ་མིར་དཔྱིད་རྨོད་བྱེད་རིང་དོ་སྣང་བྱེད་དགོས་པའི་སྐོར་ཤོད་བཞིན་པ།

འདི་ནི་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོའི་ཡུལ་མིས་ཞིང་ཁར་ལུད་རྒྱག་བཞིན་པ།

འདི་ནི་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོའི་དཔྱིད་རྨོད་བྱ་ཡུལ་ཡིན་པ།
བོད་ཀྱི“འབྲུ་མཛོད”ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྔ་ཙམ་ཇུས་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང“འགོ་འཛུགས་ནི་ཐག་གཅོད་ཀྱི་དམག་འཐབ་དང་འགོ་རྩོམ་ནི་མཐའ་མའི་གདོང་མཆོང”དུ་ངོས་འཛིན་པའི་རྣམ་འགྱུར་ཐོག་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་རང་འགུལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ཡོད།
ཞིང་འཕྲུལ་གྱི་མཐུན་རྐྱེན་སྦྱར་ནས་ཁུར་པོ་ཡང་གཏོང་དང་ཕན་འབྲས་ཆེ་རུ་བཏང་བ།
ཞོགས་པའི་ཉི་འོད་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོར་འཕྲོས་ཤིང་། ཡུག་སྦྲེལ་གྱི་ཚད་གཞི་མཐོ་བའི་ཞིང་ནང་དུ་འདྲུད་འཐེན་འཁོར་ལོའི་ལྡིར་སྒྲ་དང་བཅས་སོན་འདེབས་འཕྲུལ་འཁོར་གྱིས་ནས་སོན་འདེབས་བཞིན་མཆིས། ཞིང་ནང་དུ་གྲོང་མི་ངག་དབང་བློ་གྲོས་ཀྱིས་རང་ཁྱིམ་གྱི་ཞིང་ཁར་ལྟ་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།
ད་ཆ་བཀྲ་ཤིས་འཛོམས་ཤང་གི་ཞིང་འཕྲུལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅོལ་ཉར་ཞབས་ཞུར་བརྟེན་པས་ངག་དབང་བློ་གྲོས་ཁྱིམ་གྱི་དཔྱིད་རྨོད་ལས་སླ་རུ་ཕྱིན་ཡོད། “ད་ཆ་སྔོན་མ་དང་མི་འདྲ་བར་མཉམ་ལས་ཁང་གི་ཞིང་འཕྲུལ་རུ་ཁག་གིས་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཀྱི་ཡོད། ངའི་ཁྱིམ་གྱི་མུའུ་48ཟིན་པའི་ས་ཞིང་ཉིན་4ཡི་ནང་མུའུ་38བཏབ་པས་མུའུ་10ལས་ལྷག་མེད། ཉིན་2སོང་རྗེས་ཚང་མ་བཏབ་ཚར་གྱི་རེད”ཅེས་ངག་དབང་བློ་གྲོས་ཀྱིས་དགའ་ཚོར་ཆེན་པོས་བཤད་པ་དང་། ཁོང་གིས། དེ་བས་དགའ་འོས་པ་ཞིག་ནི་ཁྱིམ་དུ་ཁོང་གཅིག་པུས་ས་ཞིང་ལ་གཡོག་བྱེད་བྱས་ན་འགྲིག་པ་དང་། དེ་བྱིངས་ཀྱི་ནང་མི་3བློ་བདེ་པོའི་ངང་ཕྱིར་གླ་པ་རྒྱུག་པར་བསྐྱོད་ཆོག་པས། ཞིང་ལས་ལ་འཐུས་ཤོར་མི་འགྲོ་བ་མ་ཟད། ད་དུང་ཡོང་འབབ་ཀྱང་གསོག་ཐུབ་པས། འཚོ་བ་དངོས་འབྲེལ་རེ་བས་ཁེངས་འདུག་ཅེ་བཤད།
2026ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་139.67དོན་འཁྱོལ་བྱ་རྩིས་ཡོད། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་101.51(ནས་མུའུ་ཁྲི་94.36)དང་། དཔལ་འབྱོར་ལོ་ཏོག་མུའུ་ཁྲི་28.68 གཟན་རྩྭ་མུའུ་ཁྲི་9.48བཅས་ཡོད་པ་དང་། འབྲུ་རིགས་ལོ་ཏོག་དང་། དཔལ་འབྱོར་ལོ་ཏོག གཟན་ཆག་བཅས་གསུམ་འདེབས་འཛུགས་གྲུབ་ཆའི་བསྡུར་ཚད་73:20:7བར་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་49.19ཟིན་པ་དེས་སྤྱིའི་མྱུར་ཚད་ཀྱི་35%བཟུང་ཡོད།
ལག་རྩལ་གཤམ་སྐྱོད་བྱས་ནས་སྤུས་ཚད་མཐོར་གཏོང་ཡོང་བར་བྱས་པ།
གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གིས་ཞིང་དུད་ཀྱི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ནས་འདེབས་འཛུགས་ལས་རིགས་ཀྱི་གསོ་སྦྱོང་སྣ་ཚོགས་ཐེངས་81བྱས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་8827ལ་གསོ་སྦྱོང་བྱས་པས་འདེབས་འཛུགས་དུད་ཚང་དང་མཉམ་ལས་ཁང་གི་ལག་རྩལ་རྐང་འཛིན་པའི་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་ཡོད། དིང་རི་དང་། ས་སྐྱ། རྣམ་གླིང་། གྲོ་མོ་སོགས་རྫོང་གིས་རང་བརྟེན་ངང་ཞིང་ལས་ལག་རྩལ་པ་དང་སྔོ་ཚལ་མཉམ་ལས་ཁང་གི་ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་དྲོད་ཚད་མཐོ་བའི་ལུད་སྤུངས་དང་། སོན་བཟང་ཐུམ་སྒྲིལ། དྲོད་ཁང་ཆེ་མོའི་འདེབས་འཛུགས། ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་འགག་རྩའི་ནང་དོན་ལ་དམིགས་ནས། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་བཀོལ་སྤྱོད་གསོ་སྦྱོང་བྱས་པ་དང་། ས་གནས་ས་ཐོག་ཏུ་བཀོལ་སྤྱོད་བརྒྱུད་རིམ་བསྟན་པ། འདེབས་འཛུགས་ལག་རྩལ་དམར་ཁྲིད་བཅས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་འདེབས་འཛུགས་རྩལ་ནུས་མཐོ་རུ་ཏན་ཏིག་བཏང་བ་རེད།
གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ས་ཚིགས་ཀྱིས་གྲོང་ཁྱེར་རིམ་པའི་ལག་རྩལ་གྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས། ཆེད་ལས་ལག་རྩལ་ཞབས་ཞུའི་རུ་ཁག་བཙུགས་ཏེ་ས་དགའ་དང་རིན་སྤུངས་སོགས་རྫོང་དུ་ཆེད་དོན་ལག་རྩལ་གསོ་སྦྱོང་བྱས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་པ་དང་ཞིང་དུད་ལ་ཐོན་སྐྱེད་བྱེད་རིང་འཕྲད་པའི་ལག་རྩལ་གྱི་འཇུར་མིག་མེད་པར་བཟོས་པས། གཞི་རིམ་གྱི་ཞིང་ལས་ལག་རྩལ་པའི་བཀོལ་སྤྱོད་འཇོན་ཐང་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་ནས་རྨང་རྩ་གཉིས་བརྟན་ཡོང་བར་བྱས་པ།
གཞིས་རྩེ་གྲོང་ཁྱེར་གྱིས་སོན་བཟང་འགན་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྫོང་དང་ཆུས་ཁག་ལ་སྤྱི་འདོམས་མཐུན་སྦྱོར་ཧུར་ཐག་བྱེད་པ། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་འདྲེན་གཏོང་དང་། ཉོ་ཚོང་། གསོག་འཇོག་བཅས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། སོན་བཟང་མཁོ་སྤྲོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སོན་བཟང་དུས་ཐོག་ཏུ་མཁོ་སྤྲོད་གནད་ལ་འཁེལ་བའི་འགན་ལེན་བཅས་བྱས་ཏེ། འབྱུང་རྩ་ནས་དཔྱིད་རྨོད་ཐོན་སྐྱེད་ཐད་སྤྱོད་པའི་ས་བོན་གྱི་དགོས་མཁོ་འགན་ལེན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞིའི་མ་དངུལ་སྒོར་ཁྲི་946.96བཏང་བ་དེ་དག་མུའུ་ཁྲི་7.6གི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ཐད་སྤྱད་པ་དང་། སོན་བཟང་གསོ་སྤེལ་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་སོན་བཟང་ཁྱབ་གདལ་ལ་སྐུལ་འདེད་བཏང་བ་རེད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་ས་བོན་སྣ་ཚོགས་སྤྱི་རྒྱ་ཁྲི་4868.97གྲ་སྒྲིག་ཟིན་པའི་ནང་ནས་ཀྱི་སོན་བཟང་སྤྱི་རྒྱ་ཁྲི་1915.57ཟིན་པ་དང་སོན་བཟང་ཁྱབ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་འབྲུ་རིགས་ཐོན་འཕར་བརྟན་པོ་ཡོང་བར་འདེགས་སྐྱོར་བརྟན་པོ་བྱས་ཡོད།
དཔྱིད་རྨོད་དཔྱིད་འདེབས་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སྔ་སྣུར་དུ་འཆར་འགོད་དང་སྤྱི་འདོམས་བཀོད་གཏོང་བྱས་ཏེ་རྫས་ལུད་དང་། ཞིང་སྨན། ཞིང་འཕྲུལ། ཆུ་བེད་སོགས་ཞིང་ལས་རྒྱུ་ཆ་འགན་ལེན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འདང་ངེས་དང་། སྤུས་ཚད་བློས་འགེལ་ཆོག་པ། སྐྱེལ་འདྲེན་ཤར་གཏོང་བཅས་ཡོང་བར་འགན་ལེན་བྱས་པ་རེད། ད་ལོ་གྲོང་ཁྱེར་ཡོངས་ཀྱིས་རྫས་ལུད་ཏུན་22283.95ཁ་གསབ་བྱས་པ་དང་རྒྱུན་གཏན་གྱི་ཞིང་སྨན་འཆར་གཞི་ཏུན་172.32ཚང་མ་དམིགས་སར་འབྱོར་ནས་རྫོང་དང་ཆུས་ཁག་དང་། ཤང་དང་གྲོང་རྡལ་ཁག ཞིང་དུད་ཁག་བཅས་ལ་དུས་ཐོག་ཏུ་སྤྲད་དེ་ཞིང་དུད་ཀྱི་ཐོན་སྐྱེད་དགོས་མཁོ་འགན་ལེན་ཏན་ཏིག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།