ཐོན་ལས་དར་རྒྱས་མཉམ་ཤུགས་གཅིག་ཏུ་འདུས། འབབ་འཕར་ཕྱུག་འགྱུར་ཉམས་བཟང་ཨེ་མ་མཚར།
—— ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ས་མཐོའི་ཁྱད་ལྡན་ཕྱུག་འགྱུར་ལམ་བུ་བཏོད་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་མེ་ཏོག་ཧུང་ཀྲང་འདེབས་འཛུགས་རྟེན་གཞིའི་ལས་མིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཞིང་འབྲོག་པའི་འབབ་འཕར་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ལ་ཐོག་མཐའ་བར་གསུམ་དུ་བརྩིས་པ་དང་། རང་ངོས་ཀྱི་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་བཏང་བས། 2025ལོར་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་རྒྱུར་སྐུལ་ཁྲིད་ཐུབ་ནས། ཞིང་འབྲོག་མང་ཚོགས་ལ་ས་མཐོའི་དོན་དངོས་དང་འཚམ་ལ་ས་མཐོའི་ཁྱད་ཆོས་མངོན་པའི་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ལེགས་གྲུབ་བྱུང་སྟེ། གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།
ཆུ་ཤུར་རྫོང་ཁོངས་སུ་གྲོང་རྡལ་4དང་ཤང་2དང་སྲིད་འཛིན་གྲོང་ཚོ་20ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི་4.2ཡོད་པ། ད་ཡོད་དབུལ་སྒྲོལ་དུད་ཚང་1811དང་མི་གྲངས་6790ཟིན་པ། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་11.2ཟིན་གྱི་ཡོད། ལྗོངས་ཡོངས་ཀྱི“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར”གྲུབ་འབྲས་ཐོབ་པའི་ངང་བཏོད་པའི་རྫོང་རིམ་པའི་སྲིད་འཛིན་ཁུལ་འབའ་ཞིག་ཡིན་པའི་ཆུ་ཤུར་རྫོང་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་དང་རྒྱལ་ཁབ་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ནས། ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་ཞིང་ལས་དཔེ་སྟོན་རྟེན་གཞི་ཆེན་པོ་དྲུག་ལ་བརྟེན་ནས་སྔོ་ཚལ་དང་ཤིང་འབྲས་འདེབས་ཁྱོན་ཆེ་རུ་བརྟན་པོ་བཏང་བས། འདེབས་ཁྱོན་མུའུ་ཁྲི་2.6ཟིན་པ་དང་ལོར་ཐོན་འབབ་ཏུན་ཁྲི་10.4ཟིན་ནས་ལྷ་སའི་ཁྲོམ་རའི་མཁོ་སྤྲོད་ཀྱི་38%ཟིན་ཡོད། དེའི་ནང“ཆུ་ཤུར་གྱི་ཤིས་ཀྭ”དེ་ཉིད་རྒྱལ་ཡོངས་ཀྱི་གྲགས་ཅན་དང་། དམིགས་བསལ། སྤུས་ལེགས། དཔེ་གསར་བཅས་ཀྱི་ཞིང་ལས་ཐོན་རྫས་མིང་གཞུང་ནང་བདེ་བླག་ཚུད་པ་དང་། རིན་གོང་སྤྱིར་བཏང་གི་ཤིས་ཀྭ་ལས་མཐོ་བ་ཡོད་པས། འདེབས་འཛུགས་དུད་ཚང་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ཐོབ་ཡོད།
ས་ཁོངས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ཆུ་ཤུར་རྫོང་གིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། 4Aརིམ་པའི་མཛེས་ལྗོངས་ཁུལ་གཉིས་བསྐྲུན་པ་དང་། འཇུན་པ་ཉ་གྲོང་དེ་ཉིད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཡུལ་སྐོར་རྟེན་གཞིར་བདམས་ཡོད། 2025ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་47.5ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5962.9ཟིན་པ་དེ་དུས་མཚུངས་ལས་112%འཕར་བ་དང་། ཞིང་འབྲོག་པ་7013ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་འབབ་འཕར་སྒོར་ཁྲི་4464ཟིན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་དེ་ཞིང་འབྲོག་པའི་འབབ་འཕར་གྱི་འཕར་གཞི་གསར་པར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་སྤུས་ལེགས་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་རེ་བཞིན་བརྟན་པོ་འཕར་ཡོད། གྲངས་གཞི་ལས་མངོན་པར། 2023ལོར་རྫོང་དེ་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་5992.8ཟིན་ནས་ལྗོངས་ཡོངས་ཀྱི“ཁྲི་བརྒྱའི་གྲོང་ཚོ”ཁྱོན་ཡོངས་ལ་ཁྱབ་པའི་རྫོང་དང་ཆུས་ཐོག་མ་དེར་གྱུར་པ་དང་། 2024ལོར་སྒོར་ཁྲི་6985.6བར་འཕར་བ། 2025ལོར་སྒོར་ཁྲི་7313.8བར་འཕར་ནས་དུས་མཚུངས་ལས་7.2%འཕར་ཡོད།
རང་ལྗོངས་ཀྱི་ཞིང་ལས་རྫོང་སྟོབས་ཆེན་ཡིན་པའི་ཆུ་ཤུར་རྫོང་གིས་ཞིང་ལས་འཕྲུལ་ཆས་ཅན་གྱིས་མཐུན་རྐྱེན་སྦྱོར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་རྒྱུན་མཐུད་བཏང་སྟེ་ཞིང་འབྲོག་པའི་འབབ་འཕར་གྱི་ཁུར་པོ་ཡང་དུ་དང་ལས་ཕྱོད་ཆེ་རུ་བཏང་ཡོད། མིག་སྔའི་བར་རྫོང་དེ་ཡོངས་སུ་ཞིང་འཕྲུལ་ཡོ་བྱད་སྣ་ཚོགས་ཁྲི་1.8ཡོད་པ་དང་ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་81.2%ཟིན་པའི་ཁྲོད་ནས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་88.2%ཟིན་ཡོད། ཆུ་ཤུར་གྲོང་རྡལ་དང་། ཚལ་སྣེ་གྲོང་རྡལ། ཚ་རགས་ཤང་སོགས་ཀྱི་ནས་ཐོན་ཁུལ་གཙོ་བོའི་ཤང་གྲོང་དུ་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་90%ཙམ་ཟིན་ཡོད།
2025ལོར་ཆུ་ཤུར་རྫོང་གིས“གྲོང་གསེབ་ཀྱི་འཇོན་ཐང་ཅན”གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་ཏེ། དམའ་དབྱིངས་དཔལ་འབྱོར་དང་། ཁྱིམ་ལས་ཞབས་ཞུ། ཡུལ་སྐོར་ལེ་ལག་ཚང་བ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རིམ་རྩིས་བརྒྱབ་ན་རྩལ་ནུས་གསོ་སྦྱོང་དུས་ཐེངས་28བྱས་པ་དང་། གསོ་སྦྱོང་ལ་ཞུགས་མཁན་2049ཟིན་པ་མ་ཟད། ད་དུང་སྐབས་དང་པོའི“གྲོང་གསེབ་ཀྱི་འཇོན་ཐང་ཅན་བུམ་པའི”རྩལ་ནུས་འགྲན་བསྡུར་ཆེ་མོ་བདེ་བླག་གཉེར་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་གཅིག་གིས་རྩལ་ནུས་མང་པོ་ཤེས་པ་དང་གཅིག་མཁས་མང་འཇོན་གྱི་ཕྱོཌ་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་700ལྷག་ཙམ་འོས་སྦྱོར་བྱས་པས་ཞིང་འབྲོག་པ་ཁྲི་1.2ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་ཧྲིལ་པོར་ཡོང་འབབ་སྒོར་དུང་ཕྱུར་1.3བྱུང་ཡོད། ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྣ་ཚོགས་སྒོར་ཁྲི་1665དོན་འཁྱོལ་བྱས་པས་མི་ཐེངས་877ལ་ཕན་པ་ཐོབ་པ་དང་། ཞིང་འབྲོག་པ་ལས་ཞུགས་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་ཐུབ་ཡོད།
དེ་དང་ཆབས་ཅིག་ཆུ་ཤུར་རྫོང་གིས་ཞིང་ཕན་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་སོགས་སྲིད་ཇུས་ཀྱི་ཐ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། 2025ལོར་སྲིད་ཇུས་ཀྱི་ཐ་སྐྱོང་བརྒྱུད་ཞིང་འབྲོག་པར་ཐད་ཀར་འབབ་འཕར་སྒོར་ཁྲི་ཆིག་སྟོང་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་འབྲེལ། རྫོང་རིམ་པའི་རོགས་སྐྱོར་སྲིད་ཇུས་བཏོན་ནས་ཞིང་ལས་དང་། རིག་གནས་ཡུལ་སྐོར། ཐོན་ལས་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་འགའ་ཞིག་བཟོས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་བྱས་ཡོད།
ད་ཆ་ཞིང་འབྲོག་པ་དེ་བས་མང་བ་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་བས། ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བ་དང་སྐྱིད་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཆུ་ཤུར་རྫོང་གི་ས་གཞི་ཆེན་པོར་ཐོན་ལས་དར་རྒྱས་དང་། ཞིང་པ་འབྱོར་ཕྱུག གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་དར་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།