དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མེ་ཏོག་རྫོང་གི་ཉིན་མོའི་ལྟ་རྟོག་ལྟེ་གནས་ནི་རྒན་རྒོན་ཚོའི་ཁྱིམ་ཚང་གཉིས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    “དེ་སྔོན་ཕྲུ་གུ་ཚོ་ལས་བྲེལ་ཆེ་བ་དང་ཁྱིམ་དུ་ང་རང་གཅིག་པུ་ལས་མེད་པས་ཁ་ལག་བཟོ་འདོད་མི་འདུག ད་ཆ་འདི་གར་ཡོང་ཚེ་འཚོ་བཅུད་ལྡན་པའི་ཟ་མ་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་གྲོང་པ་ཁྱིམ་མཚེས་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་ལུས་སྦྱོང་བྱས་ནས་སྣང་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཏུང་པོ་ལམ་སྡེ་ཁུལ་གྱི་ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་པ་རྒྱལ་གྱིས་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ཟ་ཁང་ནང་ཁ་ལག་ཟ་བཞིན་དེ་ལྟར་བཤད།

    2025ལོའི་ཟླ་8ཚེས་30ཉིན། མེ་ཏོག་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། མང་ཚོགས་ཁྱིམ་གྱི་སྒོ་རྩར་བསྐྲུན་པའི“དབུ་དཀར་བདེ་སྐྱིད་ས་ཚིགས”ཀྱིས་ཡུལ་དེའི་རྒན་རྒོན་མི་ཉུང་བ་ཞིག་གི“དུས་ཐོག་ཏུ་ཟ་མ་བཟའ་མ་ཐུབ་པ་དང་། རོགས་པ་མེད་པ། ལྟ་རྟོག་བྱེད་མཁན་དཀོན་པ”བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ལྟེ་གནས་འདི་གཉེར་སྐྱོང་ཟླ་བ་ཁ་ཤས་བྱེད་རིང་རིམ་རྩིས་བརྒྱབ་ན་རྒན་རྒོན་མི་ཐེངས་ཁྲི་2.7ལྷག་ཙམ་ལ་ཞབས་འདེགས་ཞུས་ཤིང་། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་མི་ཐེངས་2000ལྷག་ཙམ་ལ་ཟ་མ་བསྐྱལ་ཏེ། ཡུལ་དེའི་རྒན་རྒོན་ཚོའི་ཁྱིམ་ཚང་གཉིས་པར་གྱུར།

    ཡུལ་དེའི་རྒན་རྒོན་མི་ཉུང་བ་ཞིག་རང་ཁྱིམ་དུ་གཅིག་པུར་སྡོད་སྐབས་ཟ་མ་ཡག་པོ་མི་རག་པ་དང་སྐད་ཆ་ཤོད་རོགས་བྱེད་མཁན་མེད་པ་མ་ཟད། ད་དུང་ཐོལ་བྱུང་གནས་ཚུལ་ཐོན་ཚེ་འགྲམ་དུ་མི་ཡང་མེད། དཀའ་གནད་དེ་དག་ཐག་གཅོད་བྱ་ཆེད། མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྣེ་ཁྲིད་པ་དང་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་འགན་ཁུར་ཏེ“གཞུང་བཙུགས་དམངས་གཉེར”གྱི་བྱེད་སྟངས་སྤྱད་དེ། ཞབས་ཞུ་སྣ་མང་གཅིག་ཏུ་འདུས་པའི་ཉིན་མོའི་ལྟ་རྟོག་ལྟེ་གནས་བཙུགས་ཤིང་། ཉིན་མོའི་ལྟ་རྟོག་ལྟེ་གནས་ནས་རྒན་རྒོན་ཚོས་དུས་ཐོག་ཏུ་འཚོ་བཅུད་ལྡན་པའི་ཟ་མ་བཟའ་ཐུབ་པ་མ་ཟད། ད་དུང་ངལ་གསོ་རྒྱག་པ་དང་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་པ་དང་དེ་བཞིན་རྩེད་མོ་སྣ་ཚོགས་རྩེ་ཐུབ་པས། དེས་རྒན་རྒོན་ཚོར་སྤུས་ལེགས་ཀྱི་རྒན་གསོའི་ཞབས་འདེགས་དངོས་འབྲེལ་ཞུས།

    རྒྱུན་གཏན་གྱི་ཟ་མ་དང་རོལ་རྩེད་ཕུད། ལྟེ་གནས་ཀྱིས་ད་དུང་རྒྱུན་དུ་དགོད་བྲོ་བའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཤིང་། དུས་ཆེན་དང་གུང་གསེང་རིང་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། རྒྱུན་དུ་ད་དུང“ཕ་ཡུལ་གྱི་འཕོ་འགྱུར། བདེ་སྐྱིད་འཚོ་བ་གླེང་། ཏང་གི་བཀའ་དྲིན་ཟབ་མོ་ཚོར”ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ། རྒན་རྒོན་ཚོ་སྒོར་བཞི་དང་ཤེལ་སྒོང་སོགས་བཀོད་སྒྲིག་ས་ཚིགས་སུ་བསྐྱོད་དེ་མེ་ཏོག་གི་འཕེལ་རྒྱས་རྣམ་པར་ལྟ་བར་ཁྲིད་པ། “ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་འཆང་། ཕ་ཡུལ་དུ་ལོག་ནས་དགའ་ཉེར་ལྟ”ཞེས་པའི་བྱེད་སྒོ་སྤེལ་ནས། རྒན་རྒོན་ཚོ་དང་ཁོང་ཚོའི་གྲོགས་པོ་མཉམ་དུ་འཛོམས་ནས་སྔ་རྒྱུས་ད་རྒྱུས་བཤད་དུ་བཅུག་སྟེ་ཕ་ཡུལ་དྲན་པའི་གདུང་བ་སེལ་བར་བྱས།

    ད་ཆ་མེ་ཏོག་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་དེ་ཡུལ་དེའི་རྒན་རྒོན་ཚོའི་བདེ་སྐྱིད་གླིང་དུ་གྱུར་ནས་བུ་ཕྲུག་ཚོའི་ལྟ་རྟོག་གི་ཁུར་པོ་ཡང་དུ་བཏང་བ་མ་ཟད། ལྟེ་གནས་ཀྱིས་ད་དུང་རྒན་རྒོན་ཚོའི་བདེ་ཐང་གི་ཆ་འཕྲིན་དང་དགོས་མཁོ་བསྡུ་རུབ་བྱས་ཏེ་རྗེས་ཀྱི་གནད་སྨིན་ཞབས་ཞུ་བསྒྲུབ་རྒྱུར་གྲ་སྒྲིག་ཨང་བསར་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།