དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷད་མེད་བརྩེ་སེམས་སྙིང་ཁར་བཅངས། མཐའ་མཚམས་ས་ཆ་ལེགས་པར་བསྲུངས།

    —— ལྷོ་ཁ་ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ནས་ལོ་བཅུ་སོང་རིང་གི་མཐའ་སྟོབས་མཐའ་བརྟན་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    2016ལོར། ལྷོ་ཁ་ས་ཁུལ་དངོས་སུ་གྲོང་ཁྱེར་ལ་བསྒྱུར་བ་རེད། ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་། སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་གཞིས་ཚུགས་ཏེ། ལྷག་བསམ་རྣམ་དག་དང་འགན་སེམས་ལ་བརྟེན་ནས་སྲ་ཞིང་བརྟན་པའི་བདེ་འཇགས་སྲུང་བཅད་བཏོད་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“མཉམ་ལྔ་བརྟན་ལྔའི”བྱེད་སྒོ་མུ་མཐུད་ཧུར་ཐག་སྤེལ་ནས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བས། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་སྲུང་གི་འདུ་ཤེས། རྒྱལ་ཁབ་ས་ཆའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་ཕྱིན་ནས་ཀུན་བཟང་བསྟན་འཛིན་དང་ངག་དབང་ཡེ་ཤེས་སོགས་སྔོན་ཐོན་དཔེ་མཚོན་མི་སྣ་འབོར་ཆེན་ཐོན་ཡོད།

    དེ་སྔའི“མི་གསུམ་ཤང”ཡིན་པའི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་ད་ཆ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་དུ་འཕེལ་རྒྱས་ཕྱིན་ཡོད། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་ཡིག་འབྲུ་བརྒྱད་པོ་དེ་མཐའ་སྲུང་མང་ཚོགས་ཚང་མའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་འཇགས་ཡོད།

    མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་གི་ཡུལ་མི་ཚེ་རིང་ཕུན་ཚོགས་ཀྱིས་རྟག་ཏུ་མཐའ་མཚམས་སྐོར་གཡེང་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་ཀྱི་ཡོད། ལོ་བཅུའི་རིང་ཚེ་རིང་ཕུན་ཚོགས་དང་འདྲ་བའི་འོས་འགན་མཐའ་སྲུང་བའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྲུང་བའི་སྟོབས་ཤུགས་དེ་བས་ཆེ་རུ་ཕྱིན་པ། རྒྱལ་གཅེས་མཐའ་སྲུང་དེ་ལྷོ་ཁའི་མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་སྟོབས་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ལེ་ལག་ཚང་བ། མཐའ་མཚམས་གྲོང་གསར་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། ལྷོ་ཁའི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་7153ཟིན་པ་དང་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་། སྒུལ་འཕྲིན་བརྡ་རྟགས་ཁྱབ་ཚད། དྲ་ཆེན་ཤར་གཏོང་ཐུབ་ཚད་བཅས་ཚང་མ་100%ཟིན་ཡོད། “མྱུར་སྐྱེལ་བསྐུར་མ་དུད་ཚང་དུ་སྐྱེལ་བ”དེ་ལྷོ་ཁར་སྔོན་ལ་ཁྱབ་གདལ་བཏང་ནས་བསྐུར་སྐྱེལ་ཞབས་ཞུ་སྲིད་འཛིན་གྲོང་ཚོ་577ལ་ཁྱབ་པ་དང་སྐྱེལ་འདྲེན་དུས་ཚོད་ཆུ་ཚོད་48ནང་ཚུན་དུ་ཐུང་དུ་བཏང་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་རྒྱ་ཁྱབ་བཏང་བས་སྲིད་འཛིན་གྲོང་ཚོར་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་ཡོད། 5Gདྲ་རྒྱ་མགྱོགས་མྱུར་མཐའ་མཚམས་སུ་སྣུར་སྲིང་བྱས་པ་དང་། 5Gསྦྲེལ་ཚུགས་རིམ་རྩིས་བརྒྱབ་ན་2651ཟིན་པ། མཐའ་མཚམས་ས་ཁུལ་གྱི་རྫོང་དང་གྲོང་རྡལ་དང་ཤང་དང་གྲོང་རྡལ་གནས་ཡུལ་དུ་5Gདང་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོར་5Gཁྱབ་ཚད་82.46%ཟིན་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་དར་དང་དམངས་ཕྱུག་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། ཁྱད་ལྡན་ཐོན་ལས་དང་མཐའ་མཚམས་ཚོང་དོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མང་ཚོགས་ཚོས་མཐའ་སྲུང་མཐའ་བརྟན་བྱེད་པ་དང་ཆབས་ཅིག་ཐོན་ལས་དང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།

    ལྷུན་རྩེ་རྫོང་གི“ནག་བཞིའི”ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ་ནས་ནག་ལས་སྣོན་དང་བོད་བྱ་ནག་པོ་གསོ་ཚགས་སོགས་མང་ཚོགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་ཐོན་ཁུངས་ལ་བརྟེན་ནས་ཇ་ལོ་འདེབས་འཛུགས་ལས་སྣོན་འཕེལ་རྒྱས་བཏང་བས་མོན་པ་རིགས་ཀྱི་མང་ཚོགས་ཚོ་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཐུབ་པ་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་འཛུགས་སྐྲུན་ནང་རང་འགུལ་ངང་ཞུགས་ཏེ། མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་ནས་མཐའ་མཚམས་རྫོང(གྲོང་ཁྱེར)གི་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་རྣམ་གྲངས་དང་། དེ་བཞིན་མཐའ་མཚམས་ཚོང་དོན་ཁྲོམ་རའི་རྣམ་གྲངས་12ལག་བསྟར་བྱས་པ། ལྷོ་བྲག་སོགས་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་4གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་རེད། ལྷོ་བྲག་རྫོང་སྲས་ཤང་མཐའ་མཚམས་ཚོང་དོན་ཁྲོམ་རར་མཐའ་མཚམས་ཚོང་དོན་དེ་མང་ཚོགས་ལ་འབབ་འཕར་ཡོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ནས་ནེ་པ་ལའི་ཚོང་ཟོག་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཉོ་ཚོང་འཁྲུག་ཏུ་ཕྱིན་ཡོད།

    “མིའི་སྒལ་པར་ཁུར་བ་དང་རྟས་དབོར་བ”ནས“རླངས་འཁོར་ནང་དབོར་བའི”བར་དང་། “བརྡ་རྟགས་མེད་པའི་ཁུལ”ནས“བརྡ་རྟགས་གང་སར་ཁྱབ་པའི”བར། “མཐའ་སྲུང་དབུལ་ཕོངས”ནས“མཐའ་དར་ཕྱུག་འགྱུར” བཅས་བར། མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་དང་དད་སེམས་ཀྱང་དེ་ཙམ་གྱིས་བརྟན་དུ་ཕྱིན་པ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གངས་ལྗོངས་མཐའ་མཚམས་སུ་ལྷབ་ལྷུབ་ཏུ་གཡོ་བ་དང་བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་གྱི་ས་ཆ་ཚང་མར་སྲུང་སྐྱོང་ཡག་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།