ལས་གྲྭ་སྔོན་ལ་སྐྲུན་པ་ནས་སྐྱེ་ཁམས་རྩ་བར་འཛིན་པའི་བར།
རྒྱལ་ཁབ་ཆེན་པོའི་ལས་གྲྭ་ཡིས། སྲོག་ཆགས་གནས་སྤོའི་བགྲོད་ལམ་བསྐྲུན།

འདི་ནི་མེ་འཁོར་ཞིག་མཚོ་བོད་ལྕགས་ལམ་གྱི་ཟམ་པ་སྒྲོལ་བཞིན་ཡོད་པ་དང་། ཟམ་འོག་ནི་ཆེད་མངགས་རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འོང་ལ་བསྐྲུན་པའི་ཚེ་སྲོག་གི་བགྲོད་ལམ་ཡིན་པ།
འཛམ་གླིང་སྐྱེ་བོ་ཀུན་གྱིས་མཁའ་ལམ་འགག་སྒྲོལ་དཀའ་སེལ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་ངོ་མཚར་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁུ་ཁུ་ཤིས་རིའི་མི་མེད་ལུང་སྟོང་ཁུལ་དུ་མཚོ་བོད་ལྕགས་ལམ་གྱིས་སྐད་གྲགས་མེད་པར་སྐྱེ་ཁམས་ལ་བསམ་ཤེས་མི་སེམས་འགུལ་བ་ཞིག་བྱས་པ་དེ་ནི་ཤེས་མཁན་དཀོན་པོ་རེད།
གཙོད་ཀྱི་རང་བྱུང་གནས་སྤོའི་བགྲོད་ལམ་ཆ་ཚང་རང་སོར་འཇོག་ཆེད། མཚོ་བོད་ལྕགས་ལམ་ཁུ་ཁུ་ཤིས་རི་འབབ་ཚུགས་ཀྱིས་དེ་སྔའི་གནས་ཡུལ་བློས་བཏང་ནས་བྱང་ཕྱོགས་སུ་སྤྱི་ལེ་8.8སྤོས་པ་དང་ལས་གྲྭར་ཐད་ཀར་མ་དངུལ་འཐོལ་པ་སྒོར་ཁྲི་1376.82བཏང་བ་རེད།
ལས་རེས་བྱེད་མཁན་མེད་པའི་ས་མཐོའི་ས་ཚིགས་ཆུང་ཆུང་ཞིག་མ་གནས་ལ་མ་བལྟོས་པར་ལམ་ཐིག་ཐེངས་གཅིག་སྤོས་པ་དེས་མཁའ་ལམ་ཤར་གཏོང་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་ཀྱང་ས་མཐོའི་སྲོག་ཆགས་ཀྱི་ཚེ་སྲོག་བགྲོད་ལམ་བསྲུངས་ཡོད།
མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20སོང་རིང་། རྒྱལ་ཁབ་ཆེན་པོའི་ལས་གྲྭའི་གནས་ཡུལ་རང་འགུལ་ངང་ཕྱིར་འཐེན་བྱས་པ་ནས་འཐབ་ཕྱོགས་དང་པོའི་དོ་དམ་སྲུང་སྐྱོང་བར་དང་། དེ་ནས་ས་མཐོའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་གཏོང་བའི་བར་སྤྱི་ལེ་8.8ཕྱིར་འཐེན་བྱས་པ་ལས“མཛེས་སྡུག་ལྡན་པའི་ཀྲུང་གོའི”དྲོ་སྐྱིད་མངོན་པ་མ་ཟད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ས་མཐོའི་རྒྱུགས་ལན་ལ་བདེན་དཔང་ཡང་བྱས་ཡོད།
“འཕེལ་རྒྱས་ཆེད་དག་ཞིང་བློས་གཏོང་བྱེད་མི་རུང་ལ་རྨང་གཞིའི་སྒྲིག་བཀོད་ཀྱིས་སྲོག་ཆགས་ལའང་ཕོག་ཐུག་གཏོང་མི་རུང”
ས་བབ་སྨི་4536ཟིན་པའི་ཁུ་ཁུ་ཤིས་རི་འབབ་ཚུགས་ནི་ཆུ་དམར་གཙང་པོ་ནས་སྨུག་པ་ལའི་བར་གནས་པ་དང་། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལས་རེས་བྱེད་མཁན་མེད་པའི་འབབ་ཚུགས་53གྱི་གྲས་ཤིག་རེད།
ཁུ་ཁུ་ཤིས་རིའི་དབུས་སུ་ས་ཁོངས་ཧྲིལ་པོ་སྒྲོལ་བའི“རི་རྒྱལ་ལྷུན་པོ”ཁུ་ནུ་རི་བོ་འཕྲེད་དུ་ཆགས་ཡོད་ལ། མཚོ་དང་མཚེའུ་མང་བའི་ཁུལ་ཞིག་ཡིན་པ་མ་ཟད།
ད་དུང་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་སའི“སྲོག་ཆགས་གླིང”ཡིན་པ་དང་།མིག་སྔར་རྒྱལ་ནང་གི་གདོད་མའི་སྐྱེ་ཁམས་ཉར་ཚགས་ཆ་ཚང་ཤོས་ཀྱི“མི་ཡུལ་གྱི་དག་ཞིང”ཞིག་ཀྱང་རེད།
མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་གཙོ་བོའི་འཛུགས་སྐྲུན་དུས་མཚམས་སུ་ལས་གྲྭ་ཕྱོགས་ཀྱིས་ལམ་ཐིག་ཡག་ཤོས་གཞིར་བཟུང་ཁུ་ཁུ་ཤིས་རི་འབབ་ཚུགས་ཀྱི་དེ་སྔའི་གནས་ཡུལ་སྔོན་ཚུད་ནས་སོར་འཇོག་བྱས་ཡོད།
ལམ་རྒྱུད་ཀྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་མང་དུ་ཕྱིན་པ་དང་ལམ་ཐིག་གི་སྐྱེལ་འདྲེན་བྱེད་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས། 2015ལོའི་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་སྐྲུན་འགོ་ཚུགས་སྐབས། སོར་འཇོག་བྱས་པའི་འཁོར་འཕྲད་འཁོར་གཡོལ་ས་ཚིགས་དེ་འཛུགས་སྐྲུན་འཆར་གཞིའི་ནང་དངོས་སུ་བཅུག་ཡོད།
ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་པ་བརྒྱུད། གནས་ཡུལ་དེ་གཙོད་གནས་སྤོའི་གཏན་འཇགས་བགྲོད་ལམ་དུ་འཁེལ་བ་མ་ཟད། གཞོགས་གཅིག་ནི་གཙོད་ཁྱུ་ངལ་གསོ་ཡུལ་ཡིན་པ་ཤེས་རྟོགས་བྱུང་ཡོད།
“མེ་འཁོར་མཚན་མོ་འགྲུལ་བཞུད་བྱེད་སྐབས་གློག་འོད་དང་། འཛེར་སྒྲ། དེ་བཞིན་མེ་འཁོར་འབབ་ཚུགས་ཀྱི་རྒྱུན་གཏན་གྱི་འཁོར་སྐྱོད་ཉམས་བཟོ་བཅས་ཚང་མས་གཙོད་གནས་སྤོ་བྱེད་པར་ཐད་ཀར་འགོག་རྐྱེན་བཟོས་པ་མ་ཟད། གཙོད་ཁྱིའི་ཕྱིས་འབྱུང་གི་རྒྱུད་སྤེལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད”ཅེས་མཚོ་བོད་ལྕགས་ལམ་ཚོགས་པའི་འཆར་གཞི་བསྡོམས་རྩིས་པུའི་རྨང་གཞིའི་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཚའེ་ཧུང་གིས་བརྗོད།
ཉེན་ཁར་ཞིབ་འཇུག་དང་བརྡར་གཅོད་བྱས་རྗེས། ཇུས་འགོད་དང་། ཨར་ལས། སྐྱེ་ཁམས་བཅས་ཀྱི་ཕྱོགས་མང་པོའི་རིགས་གཅིག་མཁས་ཅན་གྱིས་མགྱོགས་མྱུར་གྲོས་མོལ་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གནས་སྒྱུར་ལམ་གཤོང་གི་ཇུས་གཞི་གཅིག་གྱུར་ཐོག་བཟོས་པ་རེད།
K1065+957ནས་K1057+200བར་བྱང་ཕྱོགས་སུ་སྤྱི་ལེ་8.8སྤོས་པའི་ལམ་ཐིག་གི་གནས་ཚད་ཁག་གཉིས་ཀྱི་གྲངས་གཞི་ཀྲང་ཚའེ་ཧུང་གི་སེམས་སུ་གསལ་པོར་ངེས་ཤིང་། “ལས་གྲྭར་དངུལ་མང་པོ་གཏོང་བ་དང་དཀའ་ལས་མང་པོ་རྒྱག་དགོས་བྱུང་རུང་། རི་སྐྱེས་སྲོག་ཆགས་ཀྱི་སྔར་ཡོད་འཚོ་གནས་བགྲོད་ལམ་ལ་གཏོར་བཤིག་བཏང་ནས་རི་སྐྱེས་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ལ་འཇིགས་སྣང་སྐུལ་མི་རུང”ཞེས་བཤད།
“བྱང་ཕྱོགས་སུ་སྤྱི་ལེ་8.8སྤོས་པ་དེ་ནི་སྟབས་བདེའི་ཕྱིར་བཤོལ་ཙམ་མིན་པར། དེ་ནི་རྒྱལ་ཁབ་ཆེན་པོའི་འཛུགས་སྐྲུན་གྱི་དྲོ་སྐྱིད་ཅིག་ཡིན། འཕེལ་རྒྱས་གཏོང་ཆེད་དག་ཞིང་བློས་གཏོང་བྱེད་མི་རུང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཆེད་སྲོག་ཆགས་རྣམས་དཀྲོག་མི་རུང”ཞེས་ཀྲང་ཚའེ་ཧུང་གིས་བརྗོད།
“ཕྱིར་བཤོལ་དང་མདུན་སྐྱོད་རེ་རེ་ནི་གཙོད་ཀྱི་ཚེ་སྲོག་བགྲོད་ལམ་ཡག་པོ་སྐྱོང་ཆེད་རེད”
ལྕགས་ལམ་ལས་གྲྭ་ཕྱིར་འཐེན་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་གནས་སྤོའི་ལྟེ་བའི་ཁུལ་དང་རིང་དུ་གྱེས་པ་དང་། འཐབ་ཕྱོགས་དང་པོའི་སྲུང་སྐྱོང་བ་མདུན་ཕྱོགས་སུ་བསྐྱོད་དེ་གནས་སྤོའི་འཐབ་ས་མདུན་མར་གཞི་ཚུགས་ཏེ། ཕྱིར་བཤོལ་དང་མདུན་སྐྱོད་རེ་རེ་བརྒྱུད་ནས་ཕྱོགས་ཡོངས་དང་ཁུག་ཀྱོག་མེད་པའི་ས་མཐོའི་སྲོག་ཆགས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་ཚགས་དམ་དུ་བཏང་ཡོད།
བཅར་འདྲིའི་རླངས་འཁོར་སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་འབྱོར་སྐབས། གཙོད་གནས་སྤོ་བྱེད་པའི་སྐབས་དང་ཏག་ཏག་འཁེལ་ཞིང་། གཙོད་ཕྲུག་བཙའ་གྲབས་ཡོད་པའི་གཙོད་མོ་བརྒྱ་ལྷག་ཙམ་མཚོ་བོད་གཞུང་ལམ་སྒྲོལ་བཞིན་ཡོད་པས། འགྲིམ་འགྲུལ་བཀག་སྡོམ་འོག་མི་རྣམས་ཀྱིས་རླངས་འཁོར་ཚང་མ་བཀག་ཅིང་། ཁུ་སིམ་པའི་ངང་གཙོད་ཁྱུ་བག་ཕེབས་ངང་གཞུང་ལམ་སྒྲོལ་བར་ལྟ་བཞིན་ཡོད།
“འདི་ལོའི་ཟླ་5ཚེས་7ཉིན་ནས་བཟུང་། གནས་སྤོས་གཙོད་ཁྱུ་ཁག་དང་པོ་ས་ཁོངས་དེར་འབྱོར་ཡོད་ལ། དེ་དག་ཐག་རིང་གི་གཙོད་གནས་མཚོའི་ཁུལ་དུ་གཙོ་ཕྲུག་བཙའ་བར་སྐྱོད་རྒྱུ་རེད”སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་སྐར་མ་ཡར་འཕེལ་གྱིས། དེ་གར་རྩྭ་ཆུ་འཛོམས་ལ་ཆུ་ཁུངས་འབེལ་པོ་ཡོད་པ་མ་ཟད། ད་དུང་མཚོ་བོད་ལྕགས་ལམ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཆེད་སྤྱོད་བགྲོད་ལམ་ཡང་ཡོད་པས། ལོ་ལྟར་གཙོད་95%ཙམ་དེ་ནས་གནས་སྤོས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་གཞོགས་གཅིག་ནི་འདི་ལོ་གསར་དུ་བཙུགས་པའི“ཁུ་ཁུ་ཤིས་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་གཙོད་གནས་སྤོ་སྲུང་སྐྱེལ་ཉེན་རྟོག་ཞབས་ཞུ་ས་ཚིགས་དང་ཕྱི་རོལ་བཅའ་སྡོད་སྦྱོང་བརྡར་རྟེན་གཞི”རེད།
ཕྱིར་བཤོལ་དང་མདུན་སྐྱོད་ཀྱི་བྱེད་ཐབས་ཚང་མའི་དམིགས་ཡུལ་གཅིག་ཡིན་པ་སྟེ། གཙོད་བདེ་འཇགས་ངང་གནས་སྤོ་ཐུབ་པའི་བགྲོད་ལམ་སྲུང་སྐྱོང་ཡག་པོ་བྱ་ཆེད་རེད།
“ལམ་དང་སྲོག་ཆགས་ཞི་མཐུན་མཉམ་གནས་ཐུབ་པ་ནི་བརྡ་ལན་ཡག་ཤོས་དེ་རེད”
བགྲང་བྱ་20ཡི་རིང་གི་རྒྱུན་མཐུད་སྲུང་སྐྱོང་དང་བདེན་པ་བདེན་ཐུབ་ཀྱི་གྲངས་གཞི་ལས་སྐྱེ་ཁམས་ཀྱི་རྒྱུགས་ལན་ཡག་པོ་ཞིག་བཏབ་ཡོད།
“དུས་རབས་གོང་མའི་ལོ་རབས་90པར། ཁུ་ཁུ་ཤིས་རིར་གཙོད་ཁྲི་2ཀྱང་མ་ཟིན་པ་ནས་ད་ཆ་གྲངས་འབོར་ཁྲི་7ལས་བརྒལ་ཡོད”ཅེས་ཀྲང་ཚའེ་ཧུང་གིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་དང་། ཁོང་གིས། ད་ཆ་གཙོད་ཁྱུ་ལྕགས་ལམ་དང་གཞུང་ལམ་སྒྲོལ་སྐབས་སྐྲག་སྣང་གཏན་ནས་བྱེད་ཀྱི་མེད་ལ། སྐྱེ་འཕེལ་གྱི་གཞི་ཁྱོན་ཡང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད།
ད་ཆ་ལྕགས་ལམ་གྱིས་རང་འགུལ་ངང་ཕྱིར་འཐེན་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མཉམ་དུ་སྲུང་སྐྱོང་བྱས་པས། གཙོད་ཁྱུ་གཞུང་ལམ་སྒྲོལ་བར་སེམས་ཁྲལ་གཏན་ནས་བྱེད་དགོས་མེད།
“ལྕགས་ལམ་ལམ་ཐིག་ལེགས་སྒྲིག་བྱེད་ཆོག་ལ། འཛུཌ་སྐྲུན་མ་དངུལ་ཡང་ཁ་གསབ་བྱེད་ཆོག་མོད། འོན་ཀྱང་རི་སྐྱེས་སྲོག་ཆགས་རྒྱུན་མཐུད་འཚོ་སྡོད་བྱེད་སའི་བགྲོད་ལམ་ལ་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཐབས་བྲལ། མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20སོང་རིང་། མེ་འཁོར་ཉིན་མཚན་མེད་པར་སྐྱོད་པ་དང་། གཙོད་རང་དགར་གནས་སྤོ་བྱེད་པ། ལམ་དང་སྲོག་ཆགས་ཞི་མཐུན་མཉམ་གནས་བཅས་བྱུང་ཞིང་། དེ་ནི་མི་དང་རང་བྱུང་ཁམས་མཉམ་གནས་བྱེད་སྟངས་ཡག་ཤོས་དེ་རེད”ཅེས་ཀྲང་ཚའེ་ཧུང་གིས་ལྕགས་ལམ་ཕྱིར་འཐེན་གྱི་རིན་ཐང་ཆེ་ཤོས་དེ་བརྗོད།
ཁུ་ཁུ་ཤིས་རི་འབབ་ཚུགས་གནས་སྒྱུར་ལམ་བཤང་བྱས་པ་ཙམ་མ་ཟད། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་མ་ཐག་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ཇུས་འགོད་དང་། ཨར་ལས། བཀོལ་སྤྱོད་བདག་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བྱེད་ཐབས་ཏན་ཏིག་མང་པོ་ལག་ལེན་བསྟར་ཏེ་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཡོད།
མཚོ་བོད་ལྕགས་ལམ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་ལྟ་སྐབས། མཁའ་ལམ་དེས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་ཞིག་བཏོད་པ་དེ་ཐོག་ནས་སྣོད་བཅུད་ལ་གུས་སྐྲག་དང་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་བས་མངོན་ཡོད།
བགྲང་བྱ་20ཡི་རིང་། གཡུ་འབྲུག་སྔོན་མོ་ས་ལ་རྒྱུ་འདྲའི་མཁའ་ལམ་དེས་ཕྱོགས་གཅིག་ནས་ས་མཐོའི་འཕེལ་རྒྱས་ཀྱི་རེ་བ་ཁུར་དུ་བླངས་པ་དང་། ཕྱོགས་གཞན་ཞིག་ནས་གངས་ལྗོངས་ཀྱི་སྐྱེ་དངོས་ཡོད་དོ་ཅོག་གི་བདེ་འཇགས་སྲུང་བཞིན་ཡོད། སྤྱི་ལེ་8.8ཀྱི་ཕྱིར་བཤོལ་ལས། འཕེལ་རྒྱས་དང་སྲུང་སྐྱོང་མཉམ་དུ་བྱེད་པ་དང་མིའི་རིགས་དང་རང་བྱུང་ཁམས་མཉམ་གནས་བྱེད་པ་ནི་ས་མཐོའི་མཁའ་ལམ་གྱི་རང་མདངས་ཡག་ཤོས་དེ་ཡིན་པར་མུ་མཐུད་བདེན་དཔང་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།