ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

ཟླ་6ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཡུས་ཅ་ཤར་གྲོང་ཚོའི་ཞིང་ནང་དུ་ཕེབས་ཏེ་འབྲུ་འདེབས་དུད་ཆེན་དང་། ཞིང་འཕྲུལ་ཁ་ལོ་བ། ཞིང་ལས་ལག་རྩལ་པ་བཅས་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

ཟླ་6ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཡུས་ཅ་ནུབ་གྲོང་ཚོར་ཡུལ་མི་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་དུ་ཧྲན་ཏུང་ཏེ་ཀྲོའུ་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་རྒྱུ་སྤུས་དང་འབྲེལ་བ་ཡོད་པས། བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ལས་དོན་ཁག་ལེགས་པར་སྒྲུབ་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་འབྲས་ཆེ་རུ་ཧུར་ཐག་གཏོང་བ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་6ཚེས་24ཉིན། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག ཞི་ཅིན་ཕིང་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད།
དབྱར་འདེབས་དུས་སུ་ཞིང་ནང་དང་མུ་ཁར་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཏེ་ཀྲོའུ་གྲོང་ཁྱེར་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཡུས་ཅ་ཤར་གྲོང་ཚོར་ཕེབས་ནས་ས་གནས་དེ་གའི“དབྱར་གསུམ”ཐོན་སྐྱེད་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ། གྲོའི་ཐོན་འབབ་དང་། མ་རྨོས་ལོ་ཏོག་འདེབས་འཛུགས། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་ཞིང་ཁའི་ཆུ་འདྲེན་ཡུར་བུའི་འགྲམ་དུ་ཕེབས་ནས་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་ཞིང་ནང་དུ་ཕེབས་ནས་འབྲུ་འདེབས་དུད་ཆེན་དང་། ཞིང་འཕྲུལ་ཁ་ལོ་བ། ཞིང་ལས་ལག་རྩལ་པ་བཅས་དང་བྱམས་བརྩེའི་བཀའ་མོལ་གནང་བ་རེད། ད་ལོ་གྲོ་མུའུ་རེའི་ཐོན་འབབ་སླར་ཡང་མང་དུ་ཕྱིན་པ་དང་མ་རྨོས་ལོ་ཏོག་འདེབས་སྐབས་སོ་ནམ་དུས་ཚོད་དམ་འཛིན་ཐུབ་པ་མ་ཟད་མྱུར་ཚད་མགྱོགས་པོ་ཡོད་པ་མཁྱེན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན། འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དང་། སྔོན་ཐོན་སྤྱོད་གོ་ཆོད་པའི་སོན་བཟང་དང་། ལག་རྩལ། སྒྲིག་ཆས་བཅས་ཁྱབ་གདལ་ཧུར་ཐག་གཏོང་བ། མུའུ་རེའི་ཐོན་འབབ་མང་དུ་དང་ཕན་འབྲས་ཆེ་རུ་བརྟན་པོ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོར་འབྲུ་རིགས་ལ་ལོ་ལེགས་ཡོང་བའི་བརྩོན་ལེན་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱེད་པ། ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། གནམ་གཤིས་སྔོན་བརྡ་དང་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
དེ་རྗེས། ཞི་ཅིན་ཕིང་ཉེ་འདབས་ཀྱི“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ”ཤིས་ཡུས་ཅ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་དམངས་ཕན་ཞབས་ཞུ་སྤེལ་ཚུལ་སོགས་ཀྱི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གས་ཡུག་ཁུལ་ཅན་གྱི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འཚོལ་ཞིབ་བྱས་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཞིང་ཞོར་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་སྔར་བས་བཏོན་ནས་ཡུལ་མི་མང་ཚོགས་ཚོའི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་ཏེ། གནས་འཕྲོད་དང་ལས་འཚམ། མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་ཐུགས་རེ་གནང་ཞིང་། ཁོང་གིས། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་བཏང་ནས་གྲོང་ཚོའི་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཡུལ་མི་ཡུས་ཤིན་ཧུའེ་ཡི་ཁྱིམ་དུ། ཞི་ཅིན་ཕིང་གིས་ཁྱིམ་ཆས་སྒྲིག་སྟངས་ལ་གཟིགས་ཞིབ་གནང་བ་དང་། ནང་མི་ཚོ་དང་ལྷན་དུ་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་སྟེ་ལས་ཞུགས་ཀྱི་ཡོང་འབབ་དང་། རྒན་རྒོན་གྱི་བདེ་ཐང་། ཕྲུ་གུའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཏང་གི“ཞིང་གསུམ”སྲིད་ཇུས་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད་མེད་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དེ་མཐར་གཏུགས་ནས་བརྗོད་ན་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཞབས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་ལ་བརྩེ་སེམས་ཟབ་ཏུ་གཏོང་བ། མང་ཚོགས་ལ་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དངོས་འབྲེལ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
གྲོང་ཚོ་ནས་ཞལ་གྱེས་སྐབས། ཡུལ་མི་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་དང་། ཞི་ཅིན་ཕིང་གིས་ཚང་མར“བདུན་གཅིག”འཆར་ཉེར་ཡོད་པ་དང་། རང་རེའི་ཏང་གི་ལོ་105ཡི་འཁྲུངས་སྐར་སླེབས་གྲབས་ཡོད། ལོ་105ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ། ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ད་ཆ། ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་པས། རྒྱང་སྐྱོད་ལམ་བུ་གསར་པར་སེམས་ཤུགས་གཅིག་སྒྲིལ་གྱིས་ཡག་པོ་བསྐྱོད་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཏོད་དེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་གསུངས་པ་དང་། ཁོང་གིས་ཡུལ་མི་སྤུན་ཟླ་ཚོར་ཏང་གི་འགོ་ཁྲིད་འོག་ཁྱིམ་གཞིས་དེ་བས་འཛུགས་སྐྲུན་ཡག་པོ་དང་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུས་པ་རེད།
ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།