དབུ་ཤོག
  • 《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-06-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གཞུང་ལུགས་འཕེལ་རྒྱས་གཏོང་བར་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཕུལ་བས། ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལས་བྱུང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་པ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་རླབས་ཆེན་ལག་ལེན་ལས་བྱུང་བ་བཅས་ཡིན་པས། ལག་ལེན་གྱི་རྨང་གཞི་བརྟན་པོ་དང་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་གཏིང་ཟབ་ལྡན་ཞིང་། དེ་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་འཛིན་ས་རེད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནི་ལོ་རྒྱུས་དང་། དོན་དངོས། འབྱུང་འགྱུར་བཅས་དང་འབྲེལ་བའི་སྒོ་དབྱེའི་བསམ་བློའི་མ་ལག་ཅིག་ཡིན་པས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་འགྲོ་ངེས་རེད།

    《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་2012ལོའི་ཟླ་11པ་ནས་2026ལོའི་ཟླ་2པའི་བར་གནང་བའི་ཏང་འཛུགས་སྐྱོང་སྐོར་གྱི་གལ་འགངས་ཆེ་ཤོས་དང་ཆེས་གཞི་རྩའི་གསུང་རྩོམ་འཁོད་ཡོད། དེ་དག་དུས་ཚོད་ཀྱི་གོ་རིམ་གཞིར་བཟུང་རྩོམ་སྒྲིག་བྱས་ཤིང་། སྙན་སྒྲོན་དང་། གསུང་བཤད། གསལ་བཤད། རྩོམ་ཡིག མཛུབ་སྟོན། གླེང་གཞི་སོགས་ཁྱོན་གསུང་རྩོམ་102ཡོད་པ་དང་། གསུང་རྩོམ་ཁག་གཅིག་ནི་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་རེད། དེབ་དང་པོའི་ནང་2012ལོའི་ཟླ་11པ་ནས་2018ལོའི་ཟླ་6པའི་བར་གྱི་གསུང་རྩོམ་46འཁོད་ཡོད་པ་དང་། དེབ་གཉིས་པའི་ནང་2018ལོའི་ཟླ་7པ་ནས་2026ལོའི་ཟླ་2པའི་བར་གྱི་གསུང་རྩོམ་56འཁོད་ཡོད་པ་རེད།

    ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། 《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པར་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཁུངས་བཙན་པའི་སློབ་གཞི་མཁོ་འདོན་བྱས་ཡོད་པ་དང་། དེ་ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ། རང་རྟོགས་ངང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་བརྟེན་ནས་ཏང་འཛུགས་སྐྱོང་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། ལོ་བརྒྱའི་ཏང་ཆེན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་བསམ་བློའི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ནུས་སེམས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།