དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྕགས་ལམ་བརྟན་སྲུང་བྱེད་མཁན་བཟའ་ཚོའི་རྒྱུན་གཏན་གྱི་འཚོ་བ།

    ལྕགས་ལམ་བརྟན་སྲུང་ལས་ལ་གཞོལ། དུས་བདེ་ལྷན་འཛོམས་འཚོ་བ་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-25

    འདི་ནི་བློ་བཟང་དོན་གྲུབ(གཡོན)དང་བསྟན་འཛིན་སྒྲོལ་དཀར(གཡས)གྱིས་གཉེན་སྒྲིག་སྐབས་བརྒྱབ་པའི་པར་ལ་ལྟ་བཞིན་པ།

    དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ལྕགས་ལམ་ཁུལ་ཆུང་གི་ཐོག་སོ་དང་པོར་བསྟན་འཛིན་སྒྲོལ་དཀར་གྱིས་ཤིང་གི་རྐུབ་སྟེགས་སྟེང་འཛེགས་ནས་གསར་དུ་ཉོས་པའི་སེམས་མཐུན་མདུད་པ་དམར་ཐིང་ཐིང་ཞིག་སྒོའི་རུ་བཞིའི་གཞོགས་གཡས་པར་འགེལ་བཞིན་ཡོད།

    ལོ་འདི་དག་རིང་། ཁོང་གིས་ཡང་སྙིང་སེམས་མཐུན་མདུད་པ་ག་ཚོད་ཙམ་བརྗེས་མིན་གསལ་པོར་དྲན་གྱི་མེད། “གཉེན་སྒྲིག་བྱས་མ་ཐག་པའི་སྐབས་སུ་ང་གཉིས་ས་ཆ་གཉིས་སུ་ལས་ཀ་བྱེད་ཀྱི་ཡོད་པས། ལོ་གཅིག་ལ་ཐེངས་ཁ་ཤས་ལས་འཕྲད་ཀྱི་མེད། ངས་སེམས་མཐུན་མདུད་པ་གཅིག་ཉོས་ནས་ང་གཉིས་ལྷ་སར་འཛོམས་དུས་མཉམ་དུ་འགེལ་རྒྱུར་བསྒུགས་ནས་སྡོད་ཀྱི་ཡོད། སྐབས་དེ་དུས་ནམ་ཞིག་ཉིན་ལྟར་སེམས་མཐུན་མདུད་པ་དེ་མཐོང་རྒྱུ་བྱུང་ན་ད་གཟོད་དངོས་འབྲེལ་མཉམ་འཛོམས་བྱུང་བ་རེད་ཨང་སྙམ་པའི་བསམ་བློ་འཁོར་གྱི་འདུག”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་བརྗོད།

    བསྟན་འཛིན་སྒྲོལ་དཀར་དང་བློ་བཟང་དོན་གྲུབ་ནི་ལྕགས་ལམ་བརྟན་སྲུང་བྱེད་མཁན་གྱི་བཟའ་ཚོ་ཡིན་ཞིང་། ད་ལོ་་ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་16འགྲོ་གི་ཡོད། ཐོག་མའི་ལོ་བཅུ་གཅིག་རིང་ཁོང་ཚོ་ནང་མི་བཞི་པོ་ལོ་ཧྲིལ་པོར་ས་ཆ་ལོགས་བཀར་དུ་སྡོད་ཀྱི་ཡོད་པས། མཉམ་འཛོམས་ཞེས་པ་ནི་ཁོང་ཚོའི་ངོས་ནས་བརྗོད་ན། རྒྱས་སྤྲོས་ཤིག་རང་རེད།

    ནང་མི་གསུམ་གྲོང་ཁྱེར་གསུམ་དུ་འཚོ་བ་བསྐྱལ་བ།

    “སྐབས་དེ་དུས་ང་དང་། བཟའ་ཟླ། བུ་མོ་བཅས་གྲོང་ཁྱེར་གསུམ་དུ་འཚོ་བ་སྐྱེལ་གྱི་ཡོད”ཅེས་བློ་བཟང་དོན་གྲུབ་ཀྱིས་བརྗོད།

    2009ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་གསུམ་སོང་བའི་སྐབས་སུ་ཁོང་གཉིས་ཐུག་འཕྲད་བྱུང་བ་རེད།

    ལོ་དེར་ལོ་26ལ་སླེབས་པའི་བློ་བཟང་དོན་གྲུབ་ཀྱིས་ས་བབ་སྨི་4956ཟིན་པའི་གོར་མོ་ལྕགས་ལམ་ཉམས་བཟོའི་ལས་ཚུགས་གདང་ལ་འབབ་ཚུགས་བྱང་མར་བཟོ་པ་བྱས་ནས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་ལམ་དུམ་སྲུང་བཞིན་ཡོད།

    ལོ་22ལ་སླེབས་པའི་བསྟན་འཛིན་སྒྲོལ་དཀར་གོར་མོ་རྒྱབ་ཕྱོགས་མཁོ་སྒྲུབ་དུམ་བུའི་མི་དོན་ཁོའོ་རུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། བལྟས་ཚོད་ལ་ལས་ཀ་ཧ་ཅང་ཡང་པོ་ཞིག་ཡོད་པ་ལྟར་སྣང་ཡང་། དོན་དུ་ལས་ཀ་ཙག་ཙིག་མང་བའི་ཁར་དཀའ་ལས་ཁག་པོ་ཡོད་པ་རེད།

    ལོ་དེའི་ཟླ་8པར་ཀུང་སིས་སྒྲིག་འཛུགས་བྱས་པའི་ལན་ཀྲོའུ་སློབ་ཆེན་གྱི་འཕྲིན་བརྒྱུད་ཆེད་ཚན་ནས་དངོས་གཞིའི་ཚན་ཁག་ལ་མིང་ཐོ་འགོད་ཡུལ་དུ་ཁོང་གཉིས་ཐོག་མར་འཕྲད་པ་དང་། བློ་བཟང་དོན་གྲུབ་ཀྱིས་གཞན་ལ་བསྟན་འཛིན་སྒྲོལ་དཀར་གྱི་ཁ་པར་ཨང་གྲངས་དྲིས་ཤིང་། དེ་ནས་བཟུང་ཁོང་གཉིས་དབར་འབྲེལ་བ་མང་དུ་ཕྱིན།

    2010ལོའི་ཟླ་10ཚེས་10ཉིན། ཁོང་གཉིས་ཀྱིས་གོར་མོར་གཉེན་སྒྲིག་ལག་ཁྱེར་བླངས།

    གཉེན་སྒྲིག་ལག་ཁྱེར་བླངས་ཀྱང་བཟའ་ཚོ་ལོགས་བཀར་དུ་སྡོད་པའི་གནས་ཚུལ་ལ་འགྱུར་ལྡོག་གཏན་ནས་བྱུང་མེད་པ་དང་། སེམས་སྐྱོ་བའི་སྐབས་སུ་བློ་བཟང་དོན་གྲུབ་ཀྱིས་བསྟན་འཛིན་སྒྲོལ་དཀར་ལ“ང་གཉིས་ཀྱིས་ལས་ཀ་ཡག་པོ་བྱས་ནས་མེ་འཁོར་ནང་གི་འགྲུལ་པ་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན་ང་གཉིས་ལོགས་བཀར་བསྡད་པའི་འཚོ་བ་དེ་དོན་སྙིང་ལྡན་པ་ཞིག་རེད”ཅེས་བཤད་ནས་སེམས་གསོ་གཏོང་གི་ཡོད།

    གཉེན་སྒྲིག་བྱས་རྗེས་ཀྱི་ལོ་གཉིས་པར་བུ་མོ་ཆེ་བ་བསྟན་གཡང་སྐྱེས། སྐབས་དེ་དུས་ལས་ཀའི་རྐྱེན་གྱིས་བློ་བཟང་དོན་གྲུབ་བུ་མོ་དང་མཉམ་དུ་ཉིན་15དང་། བསྟན་འཛིན་སྒྲོལ་དཀར་ཟླ་བདུན་ལས་སྡོད་ཁོམ་མ་བྱུང་བར་བུ་མོ་ལྷ་སར་ཡོད་པའི་རྒན་རྒོན་གཉིས་ལ་ལྟ་སྐྱོང་བྱེད་རྒྱུར་བཅོལ།

    ནང་མི་གསུམ་པོ་གྲོང་ཁྱེར་གསུམ་ལ་འཚོ་བ་སྐྱེལ་དགོས་སྟབས་ཕན་ཚུན་ཁ་པར་བརྒྱབ་ནས་དྲན་གདུང་སེལ་བ་ནི་ཐབས་ལམ་ཉག་གཅིག་ཏུ་གྱུར། ཁ་པར་སྐུད་པ་གཅིག་གིས་སྤྱི་ལེ་སྟོང་ཕྲག་ཆོད་པའི་བརྩེ་བ་དམ་པོར་སྦྲེལ་ཡོད་མོད། འོན་ཀྱང་ལམ་བར་ལ་ཆུ་ཚོད་20ལྷག་ཙམ་འགོར་གྱི་ཡོད་པས་ཡང་ཡང་འཕྲད་པའི་བསྐལ་བ་དབེན།

    “ང་ཚོ་དང་འདྲ་བའི་འཚོ་གནས་བྱེད་སྟངས་ནི་ལྕགས་ལམ་ལས་ལ་གཞོལ་མཁན་ཁྱིམ་ཚང་གྲངས་མེད་ཀྱི་རྒྱུན་གཏན་གྱི་འཚོ་བ་རེད་ལ་བོད་ཀྱི་ལས་བྱེད་ལས་བཟོ་མང་པོའི་མཚོན་ཚུལ་ཤིག་ཀྱང་རེད”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་བརྗོད།

    དྲ་སྐུད་གཅིག་ནས་བརྩེ་བ་རྒྱུད་སྤྲོད་བྱེད།

    ལོ་ཟླའི་འཁོར་རྒྱུན་དང་བསྟུན་ནས་བཟའ་ཚོ་གཉིས་དབར་ཉིན་ལྟར་ཁ་པར་རྒྱག་པ་དེ་བརྙན་ལམ་གཏོང་བར་རིམ་བཞིན་གྱུར་ཡོད།

    “བརྙན་ལམ་ནང་མི་ངོ་མ་མཐོང་བས་ཉི་མ་ཡང་དེ་ཙམ་འཁྱོལ་ཁག་པོ་མིན་འདུག”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་དྲན་གསོ་བྱེད་བཞིན་བརྗོད།

    2014ལོར་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཐོག་མ་སྟེ་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས།

    དེ་ཉིན་བརྙན་ལམ་བརྒྱུད་སྐད་ཆ་ཤོད་སྐབས་བསྟན་འཛིན་སྒྲོལ་དཀར་གྱིས་བློ་བཟང་དོན་གྲུབ་ལ“ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པའི་གསར་འགྱུར་རང་གིས་མཐོང་བྱུང་ངམ”ཞེས་དྲིས། བློ་བཟང་དོན་གྲུབ་ཀྱིས“མཐོང་བྱུང་། གོ་སྐབས་བྱུང་ཚེ་ངེད་གཉིས་མཉམ་དུ་ཐེངས་གཅིག་འགྲོ”ཞེས་ལན་བརྒྱབ།

    2015ལོར་བསྟན་འཛིན་སྒྲོལ་དཀར་ནག་ཆུའི་ལས་ཤག་ཏུ་ལས་སྒྱུར་བྱས་ནས་མེ་འཁོར་ཞབས་ཞུ་བའི་བཟའ་བཅའ་སྐྱེལ་བ་དང་ས་ཚིགས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་འགན་འཁུར་བ་དང་། བློ་བཟང་དོན་གྲུབ་སླར་ཡང་ལྷ་སར་ལས་སྒྱུར་བྱས་ནས་བརྡ་གཏོང་བཟོ་པ་ཞིག་ཏུ་གྱུར།

    དེ་ནས་བཟུང་ཁོང་གཉིས་ཀྱི་བར་ཐག་ཀྱང་སྤྱི་ལེ་སུམ་བརྒྱ་ལྷག་ཙམ་ཐུང་དུ་ཕྱིན་ཡོད།

    སྤྱི་ལེ་སུམ་བརྒྱ་ལྷག་ཙམ་དེ་མེ་འཁོར་ལ་བསྡད་ཚེ་ཆུ་ཚོད་གསུམ་ལྷག་ཙམ་ནང་སླེབས་ཐུབ་མོད། འོན་ཀྱང་བློ་བཟང་དོན་གྲུབ་ཀྱིས་འགན་འཁུར་བའི་ལྕགས་ལམ་གྱི་ཞབས་ཞུའི་ལས་ཀ་ཚང་མ་ཐོ་རེངས་སུ་བྱེད་དགོས་པ་དང་ཁྱིམ་དུ་ལོག་རྗེས་ལམ་སེང་གཉིད་ཤོར་གྱི་ཡོད་པས། བསྟན་འཛིན་སྒྲོལ་དཀར་ནག་ཆུ་ནས་འཁོར་ཞག་བྱས་ཏེ་ཁྱིམ་དུ་ལོག་སྐབས་ཀྱང་ཁོང་ལ་སུན་པོ་བཟོ་ཕོད་ཀྱི་མེད། དེར་བརྟེན་ཁོང་གཉིས་ཀྱིས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པའི་དུས་ཚོད་སྔར་བཞིན་ཧ་ཅང་ཉུང་ཉུང་རེད།

    ནག་ཆུར་ལས་ཀ་བྱེད་པའི་ལོ་དྲུག་ནང་བསྟན་འཛིན་སྒྲོལ་དཀར་གྱིས་ལས་ཀ་ཚར་རྗེས་སྐབས་རེ་ལས་ཤག་གི་སྒོ་འགྲམ་དུ་ལངས་ནས་མུན་ནག་ཁྲོད་རྒྱང་རིང་གི་ལྕགས་ལམ་ལ་ལྟ་བཞིན་སེམས་ནང་། ད་ལྟ་ཁོང་ཡང་ཕལ་ཆེར་བརྡ་རྟགས་གློག་སྒྲོན་འོག་ཏུ་ཞིབ་བཤེར་བྱེད་བཞིན་ཡོད་ངེས་རེད་སྙམ་གྱི་ཡོད།

    བར་ཐག་སྤྱི་ལེ་སུམ་བརྒྱ་ལྷག་ཙམ་དེ་མ་གཞི་ཐག་རིང་པོ་དེ་ཙམ་མེད་ཀྱང་ཁོང་གཉིས་འཕྲད་པར་ཟླ་བ་གཅིག་ཙམ་སྒུག་དགོས་ཀྱི་ཡོད་ལ། ཐ་ན་དེ་ལས་ཀྱང་རིང་བ་འགོར་གྱི་ཡོད།

    ལྕགས་ལམ་ཐོག་གི་མེ་འཁོར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་མགྱོགས་སུ་ཕྱིན་པ་དང་། ལམ་རྒྱུད་ཀྱི་འབབ་ཚུགས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་མ་ཟད། ཁོང་ཚོ་ནང་མི་མཉམ་འཛོམས་ཀྱི་དུས་སྐབས་ཀྱང་དེ་བས་མང་དུ་ཕྱིན་ཡོད།

    ནང་མི་མཉམ་འཛོམས་དུས་བཟང་དགའ་བས་རོལ།

    མཉམ་འཛོམས་ཉུང་ལ་གྱེས་བྲལ་མང་བའི་དུས་ཚོད་ནང་བུ་མོ་ཆེ་བ་བསྟན་གཡང་ཡང་ཧ་ཉིད་མ་སད་པའི་བུ་མོ་ཆུང་ཆུང་ཞིག་ནས་རིམ་བཞིན་ཆེན་པོ་ཆགས་ཡོད་ཅིང་། ཐེངས་ཤིག་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་དུ་བསྟན་འཛིན་སྒྲོལ་དཀར་གྱིས་བསྟན་གཡང་རང་ཆེན་པོ་ཆགས་རྗེས་ལས་ཀ་གང་བྱེད་རྩིས་ཡོད་དམ་ཞེས་དྲིས།

    བསྟན་གཡང་གིས“ང་ཆེན་པོ་ཆགས་རྗེས་ལྕགས་ལམ་ཐོག་ལས་ཀ་བྱེད་ཀྱི་ཡིན”ཞེས་ལན་བརྒྱབ་པ་ཐོས་སྐབས་ཁོང་ཧང་སངས་ནས་མིག་ཆུ་དབང་མེད་དུ་ཤོར།

    ལོ་དེ་དག་ནང་བསྟན་འཛིན་སྒྲོལ་དཀར་ལས་བྲེལ་གྱི་དབང་གིས་རྟག་ཏུ་བུ་མོར་ལྟ་རྟོག་བྱེད་ཁོམ་མ་བྱུང་སྟབས་བུ་མོས་འཁང་ར་བྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་བུ་མོའི་སེམས་ནང་ལྕགས་ལམ་ནི་ཕ་མ་གཉིས་ཀྱི་རྟེན་ས་ཞིག་རེད། བློ་བཟང་དོན་གྲུབ་ཀྱིས་གནས་ཚུལ་དེ་ཐོས་རྗེས་སེམས་ནང་སྐྱོ་སྣང་ཆེན་པོ་སྐྱེས་ནས“ང་ཚོ་ལོགས་བཀར་བསྡད་པའི་དཀའ་སྡུག་ལ་དོན་གོ་ཆོད་སོང”ཞེས་བརྗོད།

    2018ལོར་བུ་མོ་ཆུང་བ་བསྟན་དཔལ་སྐྱེས་པས་བརྙན་ལམ་བརྒྱུད་སྐད་ཆ་ཤོད་སྐབས་དེ་བས་འཁྲུག་ཏུ་ཕྱིན།

    2021ལོར་བསྟན་འཛིན་སྒྲོལ་དཀར་ལྷ་སར་ལས་སྒྱུར་བྱས་ནས་ལྷ་ས་འབབ་ཚུགས་ནུབ་མའི་ལས་བཟོའི་ཟ་ཁང་གི་ལས་འགན་འཁུར་ཞིང་། དུས་དེ་ནས་བཟུང་ཁྱིམ་ཚང་ཆུང་ངུ་དེའི་ས་ཆ་མང་པོར་ལོགས་བཀར་སྡོད་པའི་འཚོ་བ་དེ་གཞི་ནས་མཇུག་འགྲིལ་ཡོད།

    ལྷན་འཛོམས་བྱུང་རྗེས་ཀྱི་བཟའ་ཚོ་གཉིས་སྔར་བཞིན་ལྕགས་ལམ་དང་འབྲེལ་བའི་ལས་ལ་གཞོལ་བཞིན་ཡོད།

    “སྔོན་ཆད་ངེད་གཉིས་ཀྱིས་ཟླ་10ཚེས་10ཉིན་གཉེན་སྒྲིག་བྱ་རྒྱུའི་གདམ་ག་བྱས་པ་ཡིན། ད་ཆ་མཚོ་བོད་ལྕགས་ལམ་ཐོག་གི་འགྲུལ་པ་ཚང་མའི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    མི་གཉིས་དབར་གྱི་བར་ཐག་ཇེ་ཉེར་སོང་ནས་ཕན་ཚུན་གཅིག་ལ་གཅིག་བལྟས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་དུས་བཟང་འདི་ཁོང་གཉིས་ཀྱིས་ལོ་11ཏག་ཏག་སྒུག་ཡོད།

    2025ལོར་བློ་བཟང་དོན་གྲུབ་མེ་འཁོར་ལ་བསྡད་དེ་ཟི་ལིང་དུ་གཞུང་དོན་སྒྲུབ་པར་སྐྱོད་སྐབས། འགྲམ་གྱི་རྐུབ་སྟེགས་ཐོག་སྡོད་མཁན་ནི་ལྷ་ས་ནས་ནན་ཅིང་དུ་ལོག་མཁན་གྱི་སྐུ་ཞབས་ལིའུ་ལགས་ཡིན་ཞིང་། སྐུ་ཞབས་ལིའུ་ལགས་ཀྱིས་མྱོང་ཚོར་ཟབ་མོས་བློ་བཟང་དོན་གྲུབ་ལ། མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་འདུག ས་མཐོར་ལྕགས་ལམ་བསྐྲུན་པར་མ་གཞི་ནས་དཀའ་ངལ་ཆེན་པོ་ཡོད་ལ། ལྕགས་ལམ་བདག་སྐྱོང་བཟོ་པ་ཚོས་ཀྱང་དཀའ་ལས་བརྒྱབ་སྟེ་བདག་སྐྱོང་ཡག་པོ་བྱས་འདུག་ཅེས་བརྗོད།

    བློ་བཟང་དོན་གྲུབ་ཀྱིས་དེ་དག་ཐོས་འཕྲལ“ང་དང་ངའི་བཟའ་ཟླའང་ལྕགས་ལམ་ལས་དོན་པ་ཡིན”ཞེས་དལ་གྱིས་བརྗོད་པ་དང་། ཁོང་གིས་མུ་མཐུད་སྐུ་ཞབས་ལིའུ་ལགས་ལ། ལྕགས་ལམ་ལས་དོན་པའི་འདུན་པ་ཆེ་ཤོས་ནི་འགྲུལ་པ་ཚང་མ་བདེ་ཐང་ངང་ཁྱིམ་དུ་འབྱོར་རྒྱུ་དང་དགའ་སྤྲོའི་ངང་མཉམ་འཛོམས་ཐུབ་རྒྱུ་དེ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།