དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟོག་འགྲུལ་ཆེད་ལས་ཀྱི་སློབ་ཐོན་སློབ་མས་མི་དེ་བས་མང་བ་ས་མཐོའི་བསྐུར་སྐྱེལ་དྲ་རྒྱར་ཞུགས་པར་སྐུལ་ཁྲིད་བྱས་པ།

    “བསྐུར་མ་དུས་ཐོག་ཏུ་བསྐྱལ་ནས་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-06-25

    ཞོགས་པའི་ཆུ་ཚོད་7པ་ཙམ་ལ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གནས་པའི་ཅིང་ཏུང་ཟོག་འགྲུལ་ལས་གཉེར་པུའུ་རུ་བསྐུར་མ་འབེབས་པ་དང་དབྱེ་གསེད་རྒྱག་འགོ་ཚུགས་པ་དང་། ཆུ་ཚོད་10པ་ཙམ་ལ་མྱུར་སྐྱེལ་བས་བསྐུར་མ་སྐྱེལ་འགོ་ཚུགས། ཉིན་དགུང་སྐྱེལ་འདྲེན་རླངས་འཁོར་འབྱོར་ཏེ་བསྐུར་མ་ཕབ་པ་དང་བསྟུན་ནས་སླར་ཡང་དབྱེ་གསེད་སྡེབ་སྐྱེལ་བྱེད་འགོ་ཚུགས་ཀྱི་ཡོད།

    ལས་མི་བཅུ་གྲངས་ཁ་ཤས་ཁྲིད་དེ་ཐུམ་སྒྲིལ་དབྱེ་གསེད་དང་སྡེབ་སྐྱེལ་བཀོད་སྒྲིག་བྱེད་མཁན་ནི་95ནང་སྐྱེས་ཀྱི་ལས་གཉེར་པུའི་ཀྲན་ཀྲང་མེ་ཏོག་ཆོས་བཟང་རེད། 2018ལོར་མེ་ཏོག་ཆོས་བཟང་ཟོག་འགྲུལ་ལས་ཚིགས་སུ་དངོས་སྦྱོང་ལ་ཞུགས་ནས་ཐུམ་སྒྲིལ་དབྱེ་གསེད་ལས་ཀ་ཐོག་མར་བྱས་པ་དང་། 2019ལོར་ཁོང་སློབ་ཆེན་ཐོན་རྗེས་ཟོག་འགྲུལ་ལས་རིགས་ཀྱི་ལས་གཉེར་བར་དངོས་སུ་གྱུར་ཡོད། 2022ལོར་ལྷོ་ཁ་ལས་གཉེར་པུའུ་བཙུགས་པ་དང་གདན་བསྐོའི་འགྲན་རྩོད་བརྒྱུད་ཁོ་མོ་ཀྲན་ཀྲང་ལ་བདམས་ཐོན་བྱུང་ནས་ལས་རོགས་ཚོ་དང་མཉམ་དུ་གངས་ལྗོངས་ས་མཐོར་ཟོག་འགྲུལ་ལས་ལ་གཞོལ།

    “བསྐུར་མ་དུས་ཐོག་ཏུ་བསྐྱལ་ནས་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན”ཞེས་པ་ནི་མེ་ཏོག་ཆོས་བཟང་གིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད། ལྷོ་ཁའི་འབྲོག་ཁུལ་ཁག་གཅིག་གི་ལམ་ཡག་པོ་མེད་པས་གངས་ཆེན་པོ་བབས་པའམ་ཡང་ན་རླངས་འཁོར་ལ་སྐྱོན་ཤོར་བའི་གནས་ཚུལ་འཕྲད་སྐབས་མི་ལ་བརྟེན་ནས་ཐུམ་སྒྲིལ་སྐྱེལ་བར་མ་འགྲོ་ཀ་མེད་རེད། “ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་པ། ཉི་འོད་ཤུགས་ཆེ་བ་བཅས་ཀྱི་ཁོར་ཡུག་འོག་དུས་བཞིར་ངལ་གསོ་མེད་པ་དང་ཉིན་གཅིག་ལ་ལྟོ་དུས་གསུམ་དུས་ཐོག་ཏུ་བཟའ་མི་ཐུབ་པ་ནི་རྒྱུན་གཏན་གྱི་གནད་ཚུལ་ཞིག་རེད”ཅེས་མེ་ཏོག་ཆོས་བཟང་གིས་བཤད་ཅིང་། ཁོང་གིས“ཆ་རྐྱེན་ཇི་ཙམ་གྱིས་ཞན་ནའང་བསྐུར་མ་དུས་ཐོག་ཏུ་སྐྱེལ་རྒྱུ་ནི་གལ་ཆེ་ཤོས་ཡིན། ཡུལ་མི་ཚོར་བསྐུར་མ་དུས་ཐོག་ཏུ་སྐྱེལ་བ་དང་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་དུས་ཐོག་ཏུ་ཡུལ་གཞན་དུ་སྐྱེལ་ཐུབ་པ་དགོས”ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་ཆོས་བཟང་གིས་ཟོག་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་ལ་དཔང་པོ་བྱས་ཤིང་། “ད་ཆ་ཐུམ་སྒྲིལ་གཏོང་སྐྱེལ་དེ་བས་རིག་ནུས་ཅན་དུ་གྱུར་ཡོད། ལས་ཀར་ཞུགས་མ་ཐག་པའི་སྐབས་བསྐུར་མ་སྐྱེལ་ཐེངས་རེར་དེའི་སྟེང་གི་ཤོག་བྱང་བཀོག་ནས་དགོང་མོ་ས་ཚིགས་སུ་ལོག་སྟེ་རེ་རེ་བཞིན་ལ་རྟགས་འགོད་རྩིས་ལེན་བྱེད་དགོས་ཀྱི་ཡོད། ལས་འབོར་ཆེ་བས་མངགས་ཐོ་དང་དེའི་བསྐུར་མ་གང་ཞིག་ཡིན་མིན་གསལ་པོ་ངེས་ཀྱི་མི་འདུག”ཅེས་ཁོང་གིས་བཤད།

    ད་ཆ་ཁ་པར་ནས་ཨང་རྟགས་བཤེར་མ་ཐག་བསྐུར་མ་ལེན་སྐྱེལ་ལེགས་གྲུབ་ཐུབ་པ་དང་ཟོག་འགྲུལ་གྱི་བརྒྱུད་རིམ་ཧྲིལ་པོ་མ་ལག་ནས་གསལ་པོ་མཐོང་ཐུབ། མེ་ཏོག་ཆོས་བཟང་གིས“ལག་རྩལ་གསར་པས་ང་ཚོའི་ཁུར་པོ་ཡང་དུ་བཏང་བ་དང་བསྐུར་མ་དུས་ཐོག་ཏུ་སྐྱེལ་བར་རོགས་རམ་ཐུབ་ཀྱི་ཡོད”ཅེས་བཤད།

    མེ་ཏོག་ཆོས་བཟང་ལ་ཟོག་འགྲུལ་ལས་རིགས་ལས་ཕ་ཡུལ་ལ་འགྱུར་ལྡོག་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“སྣ་དཀར་རྩེ་རྫོང་དུ་དེ་སྔ་དྲ་ཐོག་ནས་ཅ་དངོས་ཉོ་མཁན་ཧ་ཅང་ཉུང་ཉུང་རེད། ཟོག་འགྲུལ་དེ་བས་མགྱོགས་པ་དང་དེ་བས་དུས་ཐོག་ཏུ་སླེབས་པ་དང་སྦྲགས་ངའི་ཕ་མ་གཉིས་པོས་འཚོ་བའི་མཁོ་ཆས་དག་དྲ་ཐོག་ནས་ཉོ་གི་ཡོད། དེ་དང་ཆབས་ཅིག་བེ་ཤ་དང་ཚགས་ཤ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱང་ས་ཚིགས་བརྒྱུད་ས་གནས་ཁག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད། བསྐུར་སྐྱེལ་དྲ་རྒྱ་ལས་ས་མཐོ་དང་ས་ཁུལ་གཞན་དག་དམ་པོར་སྦྲེལ་ཡོད”ཅེས་མེ་ཏོག་ཆོས་བཟང་གིས་བཤད།

    དྲ་ཐོག་ནས་ཉོ་སྒྲུབ་བྱེད་པ་དེ་ཚང་མའི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཤིག་ཏུ་གྱུར་པ་དང་བསྟུན་ནས་ས་གནས་དེ་གའི་གྲོང་མི་དེ་བས་མང་བ་མྱུར་སྐྱེལ་ས་ཚིགས་སུ་ལས་ཀ་འཚོལ་བར་ཡོང་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལས་ཞུགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྒྲུབ་གཉེར་ཞབས་ཞུ་ལེགས་སུ་གཏོང་བ། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། ལས་སྟེགས་ཁེ་ལས་དང་ལས་རྣམ་གསར་པའི་ངལ་རྩོལ་པའི་ཞབས་ཞུའི་མཁོ་སྤྲོད་འཁོར་འབྲེལ་འཛུགས་པ་བཅས་བྱས་ནས་སྲིད་ཇུས་དོན་འཁྱོལ་དང་། རིམ་སྤོར་འགན་ལེན་། ཞབས་ཞུ་གནད་སྨིན་བཅས་ཡོང་བར་འགན་ལེན་བྱས་ཡོད།

    (《མི་དམངས་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།