“ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་དགོས”
ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་ཐོག་མར་བཅུག་པ་མ་ཟད་ཨང་དང་པོར་ཡང་བཞག་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས“ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་དགོས”ཞེས་དེ་བས་ཁ་གསལ་བཏོན་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས“ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ་མཐའ་འཁྱོངས”དེ“མཐའ་འཁྱོངས་བཅུ་བཞིའི”ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ཡོད།
“མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ཐོག་གི་སྔོན་ཐོན་རང་བཞིན་ཤོར་ན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དེ་བས་གླེང་ཐབས་བྲལ་བ་རེད། གནས་ལུགས་དེས་རྐྱེན་པས་ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩིས་པ་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་ཡོད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་འགན་གཙོ་བོ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་ཞུ་རྒྱུ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རེད།
ཆབ་སྲིད་ཀྱི་ཁ་ཕྱོགས་ནི་ཏང་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་གནད་དོན་ཨང་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན་རྒྱང་སྐྱོད་སྐོར་གྱི་གཏམ་རྒྱུད་ཅིག་གསུངས་མྱོང་བ་སྟེ། “དམར་དམག་རྩྭ་ཐང་གྲོལ་བའི་སྐབས་སུ་བློ་མཐུན་ཐབ་གཡོག་གིས་མལ་ནས་ལངས་མ་ཐག་དེ་རིང་འབྲས་བཙོ་རྒྱུ་ཡོད་མེད་མ་དྲིས་པར། སྔོན་ལ་ལྷོ་ཕྱོགས་སམ་ཡང་ན་བྱང་ཕྱོགས་གང་དུ་འགྲོ་དགོས་མིན་འདྲི་གི་་ཡོད”ཆབ་སྲིད་འཛུགས་སྐྱོང་ནི་ཆབ་སྲིད་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུའི་ནུས་པ་ལྡན་པ་ཞིག་རེད། དེས་ཏང་ཡོངས་ལ་དད་མོས་དང་དད་སེམས་བརྟན་དུ་བཏང་ནས་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡོད།
ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གལ་ཆེ་ཤོས་ཤིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རེད། “གལ་ཏེ་ཏང་ཀྲུང་དབྱང་གི་བཀའ་ལ་ཉན་མཁན་མེད་པར་གང་གསུང་དེ་སྒྲུབ་མ་བྱུང་ན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས་པའི་སྐོར་གླེང་བའི་དགོས་པ་མེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གཏིང་ཟབ་གནང་ཡོད།
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་འཕྲིན་ལན་སྤྲིངས་ནས་ཁོང་གིས་ཏང་ལ་ཡིད་ཆེས་ཆེན་པོ་དང་དགའ་ཞེན་ཆེན་པོ་གནང་བར་བསྔགས་བརྗོད་གནང་བ་རེད། དམག་འཁྲུག་གི་ལོ་རབས་སུ་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་རླུང་འཕྲིན་ལ་བརྟེན་ནས་ཏང་ཡོངས་དང་དམག་ཡོངས་ལ་བཀོད་འདོམས་གནང་ཡོད། ཀྲང་ལེན་ཧྲེང་གནས་སའི་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི“རུ་ཆེན་བཞི་པ”ཡི་གློག་འཕྲིན་གཏོང་ལེན་བ་ཚོས་བརྒྱུད་སྤྲོད་བྱེད་སྐབས་ཀྱི“ཏི་ཏཱ། ཏི་ཏཱ”ཞེས་པའི་སྒྲ་ནི་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་གསུང་སྒྲ་རེད།
དུས་རབས་གསར་པར་དབུལ་སྒྲོལ་འགག་སྒྲོལ་བྱེད་དགོས་ཞེས་པའི་ཏང་ཀྲུང་དབྱང་གི་བཀའ་འབྱོར་མ་ཐག་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་བྱེད་པ་ཁྲི་300ལྷག་ཙམ་གྱིས་འཐབ་ཕྱོགས་དང་པོར་བཅའ་སྡོད་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཏན་ཏིག་དང་ནུས་ལྡན་བྱུང་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་གྱུར་ཡོད། དེ་དག་ལས་རྒྱབ་ཏུ་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་ལ་སོགས་པ་འདུས་ཡོད། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་དུས་རབས་གསར་པར་དོན་འཁྱོལ་ཐུབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་བྱེད་དགོས་ན། ཏང་ཀྲུང་དབྱང་སྟེ“བཀོད་འདོམས་དམག་གུར་དུ་ངོ་སྡོད་བཀོད་འདོམས་གནང་མཁན་དམག་སྤྱི”འདིར་བརྟེན་དགོས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་བརྟེན་དགོས་ཀྱི་ཡོད།
ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་གཏོད་རྒྱུ་དེ་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀར་བརྩི་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་བྱུང་ན་དམངས་སེམས་བདེ་ལ་སྤྱོད་ལམ་དྲང་བདེན་ཡོང་ཐུབ”ཅེས་བསྟན་གནང་ཡོད། ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ནི་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ནུས། འཐབ་ནུས་བཅས་གྲུབ་པའི་རྨང་གཞི་རེད་ལ། ཏང་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་འགན་སྲུང་ཡང་རེད།
ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་གཏན་འཁེལ་བྱས་ནས་དངོས་འབྲེལ་བློས་འགེལ་ཆོག་པ་དང་། ཁ་ཞེ་གཉིས་མེད། འགན་འཁྲི་གཙང་སྒྲུབ་བཅས་ཀྱི་ལས་བྱེད་པ་ཡག་པོ་བཀོལ་སྤྱོད་བྱེད་པ། “སྟག”དང་།“སྦྲང” “ཝ”བཅས་ཀྱིས་ཏང་ཁྲིམས་རྒྱལ་བཅའ་ཁྲིམས་ལས་འགལ་ན་ཚང་མར་བདའ་འདེད་ནན་པོ་གཏོང་ངེས་དང་ཆད་པ་ནན་པོ་གཅོད་ངེས་རེད། དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་དར་སྤེལ་གཏོང་བའི་ཕུགས་བསམ་དད་སེམས་དང་། རིན་ཐང་ལྟ་བ། སྲོལ་རྒྱུན་བཟང་པོ་བཅས་ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་སེམས་ནང་གཏིང་ཟབ་འཇགས་པར་བྱེད་དགོས་པ་ལ་སོགས།
“བདུན་གཅིག་བྱས་རྗེས་གཟེངས་རྟགས”ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཤིག་ཡིན་པ་དང་2021ལོའི་ཟླ་6ཚེས་29ཉིན་ཐོག་མར་གནང་བ་རེད། ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་མིང་ཐོག་ནས“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲད་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆབ་སྲིད་ཆེ་ཤོས་ཡིན་པའི་དམངས་སེམས་ལ་དམ་པོར་དམིགས་དགོས།
“དམངས་སེམས་དང་དམངས་འདོད་ཐོབ་པར་བྱ་རྒྱུ་དང་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩ་འཛིན་གནད་བསྡུས་གནང་ཡོད།
2013ལོའི་ཟླ་6པ་ནས་བཟུང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏང་ཡོངས་སུ་གཏིང་ཟབ་སྤེལ་ཡོད། དེ་ཡང་དུས་རབས་གསར་པའི་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཐེངས་དང་པོ་དེ་རེད།
དུས་རབས་གསར་པ་ཤར་ཚུན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་རྒྱག་པའི་རྩ་དོན་གལ་ཆེན་གྱི་ཁོངས་སུ་གཏོགས་པར་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་དགོས་མཁོར་གཅིག་སྡུད་བྱས་པ་མ་ཟད། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ནང་དེ་བས་ཀྱང་འདུས་ཡོད།
“ང་ཚོས་དཀའ་ལས་མང་ཙམ་བརྒྱབ་པ་དང་ལས་ཀ་མང་ཙམ་བྱས་ཚེ། མི་སེར་ཚོ་དེ་ཙམ་གྱིས་བག་ཕེབས་དང་བློ་ཡིད་ཚིམ་ཚད་དེ་ཙམ་གྱིས་ཆེ་རུ་འགྲོ་ཐུབ” ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གོང་དཔེ་འོག་སྟོན་མཐའ་འཁྱོངས་གནང་བ་ནི“རང་དཔེ་གཞན་སྟོན་བྱས་རྗེས་གཞན་ལ་གཅུན་འདོམས་བྱེད་པ་ཞིག་ཡིན་པ”དང་། “ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང”དང“བྱ་བ་སྒྲུབ་ཐུབ་མཁན་ཞིག་ཡིན་པ་མ་ཟད། བྱ་བ་ནན་ཏན་ངང་སྒྲུབ་མཁན་ཞིག་ཀྱང་ཡིན་པ”མཐོང་ཐུབ།
“ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་བཅས་མཐའ་འཁྱོངས་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་སྐོར་གྱི་བསམ་འཆར་བསྡུ་ལེན་གནང་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་དྲ་དམངས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། སྐད་ཆ་དྲང་པོ་ཉན་པ་དང་། གནས་ཚུལ་དངོས་ལ་ཞིབ་བཤེར། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་ལག་ལེན་ཁྲོད“ཆབ་སྲིད་ཆེ་ཤོས”ཆགས་པ་བྱེད་དགོས།
“སྤྱི་ཁྱབ་ཧྲུའུ་ཅི་ལགས། སྐུ་ཁམས་བཟང་། ཁྱེད་ནི་རུལ་སུངས་པ་བརྟུལ་མཁན་དང་རྒྱལ་ཡོངས་མི་དམངས་སྐྱོང་མཁན་རེད” “ང་ཚོའི་ཡུལ་མི་ཚོ་ཁྱེད་ལ་དངོས་འབྲེལ་དགའ་པོ་ཡོད”ཅེས་པ་ལ་སོགས། ལོ་དེ་དག་ནང་སྤྱི་ཁྱབ་ཧྲུའུ་ཅི་མི་དམངས་ཀྱི་ཁྲོད་དུ་ཕེབས་སྐབས་ལོ་རྒྱུས་ཀྱི་དྲན་ཤེས་མང་པོ་ཞིག་བྱུང་ཡོད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རིང་དམིགས་ས་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རེད། མཐར་གཏུགས་ནས་བརྗོད་ན་དེ་ནི་མི་སེར་གྱི་ཆེད་དུ་རེད། སྲིད་ཏང་ཞིག་གིས་མི་དམངས་ཀྱི་བསམ་འདུན་ལྟེ་བར་འཛིན་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ཚེ། མི་དམངས་ཚོས་གཞི་ནས་བློ་བརྟན་འགྱུར་མེད་ངང་རྗེས་སུ་དམ་པོར་སྙེག་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།