གླེང་མོལ་འཁྲུག་ཆ་དོད། དངོས་སྒྲུབ་ཐབས་བཟང་འཚོལ།
—— དབྱར་དུས་ཏ་ཝོ་སི་གླེང་སྟེགས་སྐབས་བཅུ་བདུན་པ་འགོ་ཚུགས་པའི་སྐོར་བཀོད་པ།
འཛམ་གླིང་གི་མིག་རྒྱང་ཧོང་ཧའེ་དང་པོ་ཧའེ་རྒྱ་མཚོའི་འགྲམ་གྱི་ཏ་ལེན་དུ་སླར་ཡང་ཕྱོགས།
ཟླ་6ཚེས་23ཉིན་ནས་ཚེས་25ཉིན་བར། ས་ཆ་དེར“གཞི་ཁྱོན་ཅན་གྱི་གསར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྣེ་ཁྲིད་པ་གསར་པའི་ལོ་ཚོགས་སྐབས་བཅུ་བདུན་པ(དབྱར་དུས་ཏ་ཝོ་སི་གླེང་སྟེགས)འཚོགས་པ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ནས་ཡོང་བའི་ཆབ་སྲིད་དང་། ཚོང་ལས། རིག་གཞུང་། སྨྱན་སྦྱོར་བཅས་ལས་རིགས་ཀྱི་འཐུས་མི་1700ལྷག་ཙམ་གྱིས་འཕར་སྣོན་དང་། ལག་རྩལ། ལས་ཞུགས། ནུས་རྒྱུ། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འབྱུང་འགྱུར་འཕེལ་རྒྱས་སོགས་ཀྱི་ལྟེ་བའི་གྲོས་དོན་ལ་དམིཌ་ཏེ། དངོས་སྒྲུབ་ཀྱི་ཐབས་བཟང་འཚོལ་ཞིབ་བྱ་རྒྱུ་རེད།
ལོ་ཚོགས་ཀྱི་ཚོགས་ར་གཙོ་བོ་ཏ་ལེན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཛུལ་བ་ན། སྣེ་ཁྲིད་པ་གསར་པའི་གྲོང་ཚོ་དང་། འཁྲབ་གཏོང་ཁང་། རྒྱང་ལྟའི་བར་མཐོངས། མཉམ་འགུལ་བར་མཐོངས་སོགས་མང་པོ་ཡོད་པ་དང་། བར་མཐོངས་ཁག་འབྲེལ་མཐུད་ཀྱི་བར་ཁྱམས་སུ་འབོལ་གདན་བཏིང་ཡོད་པས་ཚོགས་ཞུགས་པས་དེ་གར་བསྡད་ནས་གླེང་མོལ་ཡང་བྱེད་ཆོག་གི་ཡོད།
ད་རེས་ཀྱི་ལོ་ཚོགས་ལ་དོ་ཁུར་ཆེན་པོ་ཐོབ་པ་དང་ཚོགས་ཞུགས་སྐུ་མགྲོན་གྱི་གྲངས་འབོར་མང་ཤོས་ཡིན་པ་རེད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱོགས་ཁག་གིས་སྣ་མང་སྐད་ཆ་ཤོད་རེས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
“དེང་སྐབས། འཛམ་གླིང་གི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་དེ་འཕོ་འགྱུར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ལྗང་མདོག་འབུད་རྫས་དང་། གྲངས་འཛིན་ཅན་གྱི་ལག་རྩལ། བདེ་འཇགས་ཚད་ལྡན་གྱི་སྒྲོམ་གཞི་གསར་རྐྱང་བཅས་ནི་ཚོད་ལྟའི་རྣམ་གྲངས་ནས་ལས་རིགས་ཧྲིལ་པོ་བརྒྱུད་རིམ་ལྡན་པའི་ངང་དོན་འཁྱོལ་ཐུབ་པའི་བར་གཞོལ་གྱི་ཡོད”ཅེས་ནོར་ཝེའི་གྲུ་གཟིངས་རིམ་པ་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་ཀྲུང་གོ་ཆེན་པོའི་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཁོ་ལའེ་ཡིས་བཤད་ཅིང་། ཁོང་གིས“ངས་ལས་རིགས་ཁག་གི་མི་སྣའི་དབར་སྤེལ་རེས་དང་གྲོས་བསྡུར་ཟབ་མོ་བྱས་ཏེ་ལག་གདང་སྦྲེལ་ནས་མཉེན་ཆ་སྔར་ལས་ལྷག་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱ་མཚོའི་དཔལ་འབྱོར་མཉམ་དུ་འཛུགས་སྐྱོང་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཏ་ལེན་པིང་ཧྲན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅི་ཀྲི་ཅན་གྱིས“ང་ཚོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་འཕོ་འགྱུར་གྱི་སྐབས་དང་བསྟུན་ནས་ལྗང་མདོག་ཐཱན་ཉུང་ལག་རྩལ་གྱི་འཕེལ་རྒྱས་གནས་སྟངས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དུས་མཚུངས་སུ་ལོ་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚོང་ལས་གཉེར་སྟངས་སློབ་སྦྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་རོགས་ཟླ་དང་འབྲེལ་མཐུད་དང་དེ་བཞིན་སྒྱུར་བཅོས་གསར་གཏོད་མཉམ་ལས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱེད་པར་རེ་སྒུག་ཀྱང་བྱེད་ཀྱི་ཡོད”ཅེས་བརྗོད།
ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དེ་ཀྲུང་གོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ཕྱིར་འཐོར་ནུས་འབྲས་ཀྱང་ལྷག་པར་མངོན་གསལ་དོད་ཅིང་། ད་རེས་ལོ་ཚོགས་སུ་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ནས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་གསལ་འགྲེལ་བྱ་རྒྱུ་རེད།
“འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་སྐབས་དམ་འཛིན་བྱས་ཏེ་འཛམ་གླིང་ཡར་རྒྱས་གོང་འཕེལ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུར་གཞོལ་གྱི་ཡོད། ད་རེས་ཀྱི་ལོ་ཚོགས་ནི་ཟང་ཟིང་དང་འཕོ་འགྱུར་ཆེ་བའི་རྙོག་འཛིང་གི་རྒྱབ་ལྗོངས་འོག་འཚོགས་པ་ཞིག་ཡིན་པས་ལག་རྩལ་ཐད་རེ་བ་ཕྲན་བུ་སྦྱིན་སྲིད་མོད། འོན་ཀྱང་གལ་འགངས་ཆེ་བ་ནི་མི་དང་མིའི་དབར་གྱི་མཉམ་འགུལ་དང་འབྲེལ་འདྲིས་ཡིན། སྐད་ཆ་ཤོད་རེས་དང་། ཡིད་ཆེས། མཉམ་ལས་བཅས་ནི་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་གལ་འགངས་ལྷག་པར་ཆེ་བ་ཡོད”ཅེས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་དང་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དེ་བཞིན་ཀྲུང་ཧྭ་ཆེ་མོའི་ཁུལ་གྱི་ཀྲུའུ་ཞི་གཅིག་ལྕོགས་ལེང་ཅིན་ཧུའེ་ཡིས་བརྗོད་པ་རེད།
ད་ལོ་ནི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་དང་ཏ་ལེན་དབར་མཉམ་ལས་བྱེད་ཐེངས་དགུ་པ་དེ་རེད། ད་རེས་ལོ་ཚོགས་སུ་བརྒྱུད་རིམ་ཧྲིལ་པོར་ལྗང་མདོག་ཚོགས་འདུ་འཚོགས་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ། ཚོགས་ར་གཙོ་བོ་སོགས་ལྟེ་བའི་འདུ་གནས་སུ་ནུས་རྒྱུ་གསར་པའི་ལྗང་མདོག་གློག་100%ཐད་ཀར་མཁོ་འདོན་ཐུབ་རྒྱུ་ཡིན་ལ་སྔོན་དཔག་ལྟར་ན་ཐཱན་འབུད་ཚད་ཏུན་800ཙམ་ཉུང་དུ་འགྲོ་རྒྱུ་དང་། འཛུགས་སྐྲུན་རྒྱུ་ཆ་ཚུར་བསྡུ་དང་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་སྤྱོད་ཚད་85%དང་90%ཡན་སོ་སོར་ཟིན་ཡོད། “ལོ་20ཡི་རིང་གཉིས་མོས་མཉམ་འབད་དང་ཟོལ་མེད་མཉམ་ལས་བྱས་པ་བརྒྱུད། ལོ་ཚོགས་དང་ཏ་ལེན་གྱིས་གྲུབ་འབྲས་མཉམ་དུ་བཏོད་པ་དང་གཞོགས་འདེགས་གང་ལེགས་བྱས་ཤིང་། ཏ་ལེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་སྐུ་མགྲོན་བསུ་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཟིན་ཡོད”ཅེས་ཏ་ལེན་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།