དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཝ་ལུང་ཧྲེན་ཧྲུའུ་ཕིང་རྟེན་གཞིས་སྲུང་སྐྱོང་ཞིབ་ཚགས་བྱས་ནས།

    དོམ་ཁྲའི་རིགས་ཁྱུ་སྤུས་ཚད་མཐོ་པོ་དང་བརྟན་འཕར་ཡོང་བའི་འགན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཧྲའོ་མིང་། དབྱིན་ཅེ།   |     སྤེལ་དུས།  2026-06-25

    ཉི་གཞོན་ས་གཞིར་འཕྲོས་པ་དང་བསྟུན་ནས། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་དུ་གནས་པའི་ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཝ་ལུང་ཧྲེན་ཧྲུའུ་ཕིང་རྟེན་གཞིའི་ལས་དོན་པས་ཉིན་གཅིག་གི་བྲེལ་བརྩོན་ཆེ་བའི་ལས་དོན་སྒྲུབ་འགོ་ཚུགས་པས། དེ་མ་ཉིད་དུ་རྟེན་གཞིར་འདུ་ལོང་གིས་ཁེངས།

    རང་རྒྱལ་གྱི་དོམ་ཁྲ་གནས་སྤོ་སྲུང་སྐྱོང་གི་ལྟེ་བའི་རྟེན་གཞི་ཞིག་ཡིན་པའི་ཧྲེན་ཧྲུའུ་ཕིང་རྟེན་གཞི་ནི་ཀྲུང་གོའི་དོམ་ཁྲར་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་བྱེད་པའི་མ་ལག་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས། དོམ་ཁྲའི་རིགས་ཁྱུ་སྐྱོན་བྲལ་ངང་སྐྱེ་འཕེལ་ཡོང་བའི་འགན་ལེན་བརྟན་པོ་བྱས་དང་བྱེད་བཞིན་ཡོད།

    དོམ་ཁྲ་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་དངོས་རིགས་ཤིག་ཡིན་ཞིང་། དེ་ནི་སའི་གོ་ལའི་ཆེས་གནའ་བོའི་ཤུལ་ལུས་སྲོག་ཆགས་དཀོན་རིགས་ཀྱི་གྲས་ཤིག་ཡིན་པ་དང་། དེ་སྔ་རང་རྒྱལ་གྱི་རྨ་ཆུ་དང་། འབྲི་ཆུ། ཀྲུའུ་ཅང་གཙང་པོ་བཅས་འབབ་རྒྱུད་ཆེན་པོ་གསུམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ད་ཡོད་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། དོམ་ཁྲའི་མེས་པོ་ཡིན་པའི་གདོད་མའི་དོམ་ཁྲ་ནི་ལོ་ཁྲི་800ཙམ་གྱི་སྔོན་དུ་དོམ་ཚན་སྲོག་ཆགས་ཀྱི་ཐུན་མོང་གི་མེས་པོའི་ཁྲོད་ནས་རང་ཚུགས་ངང་གྱེས་ཏེ། ལོགས་སུ་རིམ་འགྱུར་བྱེད་འགོ་ཚུགས་པ་དང་། རིམ་འགྱུར་གྱི་རྒྱུན་ཧ་ལམ་ཆད་མྱོང་མེད་པས། མི་རྣམས་ཀྱིས“འགྱུར་རྡོ་གསོན་པོ”ཞེས་འབོད་ཀྱི་ཡོད།

    ཡིན་ནའང་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་དབང་གིས་དོམ་ཁྲའི་འཚོ་སྡོད་ཁུལ་རིམ་བཞིན་ཆུང་དུ་ཕྱིན་ནས་སི་ཁྲོན་དང་། ཧྲའན་ཤིས། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་རི་རྒྱུད་ཆེན་པོ་དྲུག་ཙམ་མ་གཏོགས་མེད་པ་དང་། བར་སྐབས་ཤིག་རིང་སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད། སྲོག་ཆགས་འདི་མུ་མཐུད་རིགས་རྒྱུད་དར་དགོས་ན། ཕྱི་རོལ་ཏུ་སྲུང་སྐྱོང་ཁོ་ན་བྱེད་པར་བརྟེན་ན་མི་འགྲིག་པས་མི་ཐབས་ལ་བརྟེན་ནས་རྒྱུད་པ་སྤེལ་བ་ནི་མ་འགྲོ་རང་འགྲོའི་ལམ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

    དོམ་ཁྲ་མི་ཐབས་ལ་བརྟེན་ནས་རྒྱུད་པ་སྤེལ་བར་དུས་ཡུན་རིང་པོའི་ནང“དྲུས་རྩ་ལངས་དཀའ་བ་དང་། མངལ་ཆགས་དཀའ་བ། དོམ་ཕྲུག་གསོན་དཀའ་བ”བཅས་ཀྱི་དཀའ་ངལ་འཕྲད་ཡོད། དུས་རབས་གོང་མའི་ལོ་རབས་80པར། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་ཕྱི་རོལ་ནས་མྱུར་སྐྱོབ་བྱས་པའི་དོམ་ཁྲ་6ནས་འགོ་བཙུགས་ཏེ་དཀའ་གནད་ཧུར་ཐག་བསལ་བས་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་བྱུང་ཡོད།

    དོམ་ཁྲར་ལོ་ལྟར་མངལ་འཁོར་བདེ་བའི་དུས་ཚོད་ཡག་ཤོས་ཉིན་གཉིས་ལས་མེད་པས། དུས་ཚོད་འདི་དམ་འཛིན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་གསོ་ཚགས་རྒྱུད་སྤེལ་གྱི་རིགས་གཅིག་མཁས་ཅན་ཁྲེང་ཅན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྟར་གྱི་ལོ་འགོར་ཧྲེན་ཧྲུའུ་ཕིང་རྟེན་གཞིས་ལོ་ཚད་ལོན་པ་དང་བདེ་ཐང་གི་དོམ་ཁྲ་བདམས་ནས་དེའི་རྒྱུད་པའི་སྣ་མང་རང་བཞིན་དང་རིགས་ཁྱུའི་རིན་ཐང་ལ་དཔྱད་དཔོག་བྱས་ཏེ་རྒྱུད་སྤེལ་འཆར་གཞི་ཞིབ་ཕྲ་བཟོ་གི་ཡོད། དེས་ན། རྟེན་གཞིར་ལོ་5བསྟུད་མར་དོམ་ཁྲ་100%རང་བཞིན་གྱིས་སྦྱོར་སྡེབ་ཐུབ་ཀྱི་ཡོད་པ་རེད།

    མིག་སྔར་དགུ་བཅུའི་ནང་སྐྱེས་ཀྱི་གསོ་ཚགས་པ་ལིའུ་ཧོའེ་ཐིང་གིས་དོམ་ཚང་6གི་དོམ་ཁྲ་8གསོ་ཚགས་བྱེད་པའི་ལས་འགན་འཁུར་གྱི་ཡོད། ཉིན་ལྟར་ལྟ་ཞིབ་བྱས་པ་བརྒྱུད། ཁོང་གིས་དོམ་ཁྲ་དེ་དག་གི་གོམས་གཤིས་དང་འགྲོ་འདུག་སྤྱོད་གསུམ་གྱི་ཆོས་ཉིད་གཞི་རྩའི་ཆ་ནས་ཁོང་དུ་ཆུད་ཡོད་པ་དང་དེའི་བཙོག་པ་བཏང་ཚུལ་དང་འགྲོ་འདུག་སྤྱོད་གསུམ་གྱི་རྣམ་པ་སོགས་ལ་གཞིགས་ནས་བདེ་ཐང་གི་གནས་ཚུལ་རྟོགས་ཐུབ་ཀྱི་ཡོད།

    ལོ་ལྟར་ཧྲེན་ཧྲུའུ་ཕིང་རྟེན་གཞིས་དོམ་ཁྲ་རེར་ཉུང་མཐར་ཡང་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་ནས་ཁྲག་དང་། Bསྒྲ་རླབས། CTསོགས་ཀྱི་བརྟག་དཔྱད་བྱེད་ཀྱི་ཡོད། “དོམ་ཁྲའི་རྒྱུན་མཐོང་ནད་ཀྱི་ཁོངས་སུ་འཇུ་ལམ་གྱི་ནད་དང་། པགས་ནད། དབུགས་ལམ་གྱི་ནད་བཅས་ཡོད”ཅེས་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཁྲུའུ་ཡི་དོམ་ཁྲའི་སྨན་དོན་རིགས་གཅིག་མཁས་ཅན་ཝང་ཆན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། གལ་ཏེ་དམིགས་བསལ་སྨན་བཅོས་བྱེད་དགོས་ཚེ། དོམ་ཁྲ་རླུང་ཙིར་བླུགས་ནས་རྟེན་གཞིའི་ཆེད་ལས་ཕྱུགས་རིགས་སྨན་ཁང་དུ་སྐྱེལ་གྱི་ཡོད་ཅེས་བརྗོད།

    སྲུང་སྐྱོང་ཞིབ་ཚགས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ཧྲེན་ཧྲུའུ་ཕིང་རྟེན་གཞིའི་ཀྲུའུ་རེན་གཞོན་པ་ཝུའུ་ཧུང་ལིན་གྱིས། རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་སྦྲུམ་ཐེངས་143གྱི་དོམ་ཁྲ་199གསོ་སྤེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    2025ལོའི་ལོ་མཇུག་བར། རང་རྒྱལ་གྱིས་དོམ་ཁྲ་ཚང་གསོ་བྱས་གྲངས་808ཟིན་ནས་ཚང་གསོ་བྱས་པའི་དོམ་ཁྲའི་ཆ་སྙོམས་རྒྱུད་འབྲེལ་འབྲེལ་བ་རིམ་བཞིན་རིང་དུ་ཕྱིན་ནས་རྒྱུད་པའི་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་སྲུང་སྐྱོང་ཞིབ་འཇུག་དང་། ཚན་རིག་ཁྱབ་གདལ་སློབ་གསོ། རང་བྱུང་ཁམས་ལ་གློད་རྒྱུ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    དོམ་ཁྲའི་མཐའ་མཇུག་གི་ཁྱིམ་གཞིས་ནི་རང་བྱུང་ཁམས་ཡིན་པས་རྒོད་དུ་བཏང་ནས་ཕྱིར་རང་བྱུང་ཁམས་ལ་གློད་རྒྱུ་ནི་འགག་རྩའི་གོམ་སྟབས་ཤིག་ཡིན། གནས་སྤོ་སྲུང་སྐྱོང་བྱེད་དོན་ནི་རིགས་ཁྱུའི་གཞི་གྲངས་རྒྱ་ཆེར་བཏང་ནས་ཚང་གསོ་བྱས་པའི་རིགས་ཁྱུས་རང་སྲུང་རང་སྐྱོབ་ཐུབ་པར་བྱས་ཐོག ཕྱི་རོལ་ཡུལ་དུ་འཚོ་གནས་བྱེད་པའི་ནུས་པ་ལྡན་པའི་དོམ་ཁྲ་རང་བྱུང་ཁམས་ཆེན་པོར་གློད་དེ། སྟོངས་ལ་ཉེ་བའི་རིགས་ཁྱུ་བསྐྱར་དར་ཐུབ་པ་དང་རི་སྐྱེས་དོམ་ཁྲའི་རིགས་ཁྱུའི་རྒྱུད་པའི་སྣ་མང་རང་བཞིན་མང་དུ་གཏོང་ཆེད་ཡིན་པ་རེད།

    2003ལོ་ནས་བཟུང་། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་སྔོན་ལ་རྒོད་འགྱུར་གསོ་སྦྱོང་གི་གློད་གཏོང་ཞིབ་འཇུག་བྱེད་འགོ་ཚུགས་ཤིང་། ལོ་20ལྷག་ཙམ་རིང་ཚན་ཞིབ་མི་སྣས“དོམ་ཁྲ་ཨ་མས་དོམ་ཕྲུག་ཁྲིད་པའི་རྒོད་འགྱུར་གསོ་སྦྱོང”གི་ལག་རྩལ་མ་ལག་དང་ཕྱི་རོལ་ལྟ་ཞིབ་ཚད་ལེན་ལག་རྩལ་མ་ལག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

    དེའི་རིང་ཚན་ཞིབ་མི་སྣས་དམར་ཕྱིའི་པར་ཆས་དང་སྲུང་སྐར་སྐེ་ཕྲེང་སོགས་སྒྲིག་ཆས་སྤྱད་དེ་དོམ་ཕྲུག་གི་བྱ་སྤྱོད་ཀྱི་ཁྱད་ཆོས་འཚོལ་བསྡུ་དང་འགྲོ་སྐྱོད་ཀྱི་ལམ་བུ་རྗེས་བསྙེགས་ནས་དོམ་ཕྲུག་ལ་ཕྱི་རོལ་དུ་འཚོ་གནས་བྱེད་པའི་ནུས་པ་ལྡན་མིན་ཐད་ཕྱོགས་བསྡུས་བརྡར་ཤ་གཅོད་ཀྱི་ཡོད། སྤྱིར་བཏང་ལོ་གཉིས་ཡས་མས་ལ་རྒོད་འགྱུར་གསོ་སྦྱོང་བྱས་རྗེས། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་དང་གོང་རིམ་གཙོ་གཉེར་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད། དོམ་ཕྲུག་ཕྱི་རོལ་དུ་གློད་ཆོག་གི་ཡོད་པ་རེད།

    ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། ད་བར་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱས་པའི་དོམ་ཁྲ་ཁྱོན11ཕྱིར་གློད་པ་ལས་9འཚོ་གནས་ཐུབ་ཡོད་པ་དང་། དེ་དག་ཁྲོད་7ཞའོ་ཤང་ལིང་རི་རྒྱུད་ཀྱི་རི་སྐྱེས་རིགས་ཁྱུར་འདྲེས་ཡོད་པ་དང་། 2རྨིན་ཧྲན་རི་རྒྱུད་ཀྱི་རི་སྐྱེས་རིགས་ཁྱུར་འདྲེས་ཏེ། ཚང་གསོ་བྱས་པའི་དོམ་ཁྲ་རང་བྱུང་འཚོ་སྡོད་ཁུལ་དུ་འཚོ་གནས་དང་སྐྱེ་འཕེལ་ཐུབ་པ་དང་འབྲེལ་ས་ཁོངས་ཀྱི་སྟོངས་ལ་ཉེ་བའི་རིགས་ཁྱུ་བསྐྱར་དར་ཡོང་བའི་དམིགས་ཚད་གལ་ཆེན་ཐེངས་དང་པོར་མངོན་འགྱུར་བྱུང་ཡོད་པ་རེད།

    རྒོད་དུ་བཏང་ནས་ཕྱིར་གློད་པའི་གདེང་ཚོད་དེ་ནི་རང་རྒྱལ་གྱིས་དོམ་ཁྲ་འཚོ་སྡོད་ཁུལ་ལ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཡིན། 2021ལོར། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2.2ལྷག་ཡོད་པའི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་དོམ་ཁྲ་72%ལ་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། འཚོ་གནས་བྱ་ཡུལ་གྱི་བརྒྱུད་སྦྲེལ་རང་བཞིན་དང་ཆ་ཚང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཏེ། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་འཚོ་གནས་བྱ་ཡུལ་སྲུང་སྐྱོང་མ་ལག་ཅིག་ཆགས་ཡོད། སྲུང་སྐྱོང་ཐུབ་པའི་དོམ་ཁྲ་འཚོ་སྡོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་139ནས་སྤྱི་ཆིང་ཁྲི་258བར་ཆེ་རུ་ཕྱིན་ནས། དོམ་ཁྲའི་ཕྱི་རོལ་རིགས་ཁྱུའི་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ། དོམ་ཁྲའི་ཕྱི་རོལ་རིགས་ཁྱུའི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་80པའི་1100ཙམ་ནས་1900ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།