མཚོ་སྔོན་གྱི“སྒར་ཐང་ཆིན་རྡོ་བརྐོས་ཀྱིས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ལ་དངོས་དཔང་བྱས་པའི”རྣམ་གྲངས་རྒྱལ་ཡོངས་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་བཅུའི་ནང་བདམས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་རང་སའི་གྲོང་ཁྱེར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཁབ་རིག་དངོས་ཅུས་ཀྱིས་2025ལོའི་ལོ་འཁོར་གྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོས་སྦྱོར་དཔེ་མཚོན་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། གནའ་རྫས་རྟོག་ཞིབ་གསར་རྙེད་དང་། རིག་དངོས་སྲུང་སྐྱོབ། དེ་བཞིན་རིག་གནས་འཆད་འགྲེལ་བཅས་ཐད་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི“ས་མཐོར་བཅའ་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད། སྒར་ཐང་ཆིན་རྡོ་བརྐོས་ཀྱིས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ལ་དངོས་དཔང་བྱས”ཞེས་པའི་རྣམ་གྲངས་དེ་2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་བཅུའི་ནང་བདམས་པ་རེད།
སྒར་ཐང་ཆིན་རྡོ་བརྐོས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གྲོ་རེངས་གྲོང་ཚོར་ཡོད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ལྟེ་བའི་ཁུལ་དུ་གནས་ཡོད། མིག་སྔར་ཤེས་རྟོགས་བྱུང་བའི་དེ་སྔའི་གནས་ཡུལ་དུ་ཡོད་པ་མ་ཟད་ས་བབ་མཐོ་ཤོས་ཡིན་པའི་རང་རྒྱལ་གྱི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་འབའ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་ཚན་མང་བའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཞིབ་འཇུག་གཟབ་ནན་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་རྡོ་བརྐོས་དེར“སྒར་ཐང་ཆིན་རྡོ་བརྐོས”ཞེས་དངོས་སུ་མིང་བཏགས་པ་རེད། གསར་རྙེད་འདི་ལས་སྲོལ་རྒྱུན་གྱི་ཚད་ལྡན་ཡིག་ཆའི་ནང་ཆིན་རྒྱལ་རབས་ཀྱི་ནུབ་རྒྱུད་མངའ་ཁོངས་ལ་ངེས་ཤེས་གསལ་པོ་མེད་པའི་བཀག་རྒྱ་རྦད་དེ་བསལ་ཏེ། ཆིན་རྒྱལ་རབས་ཀྱི་མངའ་ཁོངས་བཅོས་སྐྱོང་དང་། འགྲིམ་འགྲུལ་ལམ་ཐིག མི་རིགས་འགྲོ་འོང་བཅས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་དངོས་པོའི་དཔང་རྟགས་མཁོ་འདོན་བྱས་ཡོད། རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་བཅུའི་ནང་བདམས་པ་དེ་ནི་འཐབ་ས་དང་པོའི་རིག་དངོས་ལས་དོན་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། དེ་ལས་སྤྱི་ཚོགས་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་རྨང་གཞིར་ངོས་འཛིན་དང་མོས་སེམས་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།