“ངེས་པར་དུ་རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་སྟོབས་དང་ལྡན་པ་ཞིག་ཡོང་བར་བྱེད་དགོས”
ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐུག་ཡོད།
དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་སྔར་བས་སྟོབས་དང་ལྡན་པར་གྱུར་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྣེ་ཁྲིད་ཐུབ་ཡོད།
རླབས་ཆེན་གྱི་དུས་རབས་ཀྱིས་ཚན་རིག་དང་མཐུན་པའི་བསམ་བློ་སྐྱེད་སྲིང་དང་། ཚན་རིག་དང་མཐུན་པའི་བསམ་བློས་གསར་གཏོད་ལག་ལེན་ལ་སྣེ་ཁྲིད་བྱས་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས“ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།
2016ལོའི་ཟླ་བཅུ་པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཡག་པོ་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། ‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ངེས་པར་དུ་རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས”ཞེས་ནན་པོས་གསུངས་ཡོད།
རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་སྟོབས་དང་ལྡན་པ་ཞིག་ཡོང་བར་བྱས་ནས་གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་ཐུབ་པར་བྱེད་དགོས།
ལོ་30སོང་བ་དང་སྤྱི་ལེ་2000ལྷག་ཙམ་བརྒལ་བའི་ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་ནི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད། ཤར་རྒྱུད་དང་ནུབ་རྒྱུད་དབར་རོགས་ལས་བཅས་བྱས་པའི་དཔེ་མཚོན་ཞིག་ཡིན་པ་ལས། རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་སོགས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་བྱས་ནས་སྤྱོད་དགོས་པ”དང“ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་དགོས་པའི”ནན་བཤད་གནང་ཡོད།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་རེད།
ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཞིག་ཡིན། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཚེ། གཞི་ནས་ཏང་གི་འགོ་ཁྲིད་དེ“ལུས་པོས་དཔུང་པ་བཀོལ་བ་དང་། དཔུང་པས་མཛུབ་མོ་བཀོལ་བ”བཞིན་སྟབས་བསྟུན་བདེ་བླག་འོང་ཐུབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བྱས་པ་ནས་ལོ་5ཡི་བར་བརྒལ་དུས་ཚོད་བར་དང་། དེ་ནས་རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་བར་ཏང་ཀྲུང་དབྱང་གིས་བཀའ་བཏང་མ་ཐག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་རི་གྲོང་དུ་བསྐྱོད་ཡོད།
གོང་འོག་བློ་སེམས་མཐུན་ན་རྒྱལ་ཁ་ཐོབ། ཀྲུང་ཧྭའི་ས་གཞི་ཆེན་པོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སྐྱོད་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལ་ཐུག་ཡོད། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། དེས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར“ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དར་འོག‘སྲ་ཞིང་མཁྲེགས་པའི་ངར་ལྕགས’བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་དགོས”ཞེས་2022ལོའི་ཟླ་བཅུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་དེ་ལྟར་ནན་བཤད་གནང་ཡོད།
རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་སྟོབས་དང་ལྡན་པ་ཞིག་ཡོང་བར་བྱས་ནས་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རྒྱས་པར་བྱེད་དགོས།
“ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་བྱས་ནས་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཡན་ཨན་གྱི‘ས་ཕུག་གི་དྲི་བར’མུ་མཐུད་ལན་ཡག་པོ་འདེབས་དགོས”ཞེས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2026ལོའི་ལོ་གསར་གྱི་ཤིས་ཚིག་སྒྲོན་སྐབས་ཀྱི་གསུང་བཤད་དུམ་བུ་ཞིག་ཡིན་པ་དང་། དེ་ལས་རིག་པ་དྭངས་གསལ་གྱི་ལོ་རྒྱུས་ཀྱི་རང་རྟོགས་དང་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་མངོན་ཡོད།
དུས་ཡུན་རིང་པོར་གནས་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་བཞི”ཡི་མདུན་དུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་ཉན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཟླ་གཅིག་ཀྱང་མ་འགོར་བར་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་བཏོན་ཡོད།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་བ་དེས་སྔོན་ཆད་འགོག་མི་ཐུབ་པར་ངོས་འཛིན་པའི་སྤྱོད་ཚུལ་ངན་པ་མི་ཉུང་བ་ཞིག་བཀག་ཐུབ་ནས་ལོ་མང་རིང་སེལ་དཀའ་བའི་རྙོག་འཛིང་ཆེ་བའི་གནད་དོན་བསལ་ཏེ། རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱས་ཡོད།
“རང་རེའི་ཏང་འདི་ཉིད་དཀའ་ངལ་བགྲང་ལས་འདས་པ་བརྒྱུད་མཐར་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པས་རེད”ཅེས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྡོམ་གཏིང་ཟབ་འདི་ལྟར་གནང་ཡོད།
རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་སྟོབས་དང་ལྡན་པ་ཞིག་ཡོང་བར་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་ཐོབ་དགོས།
“དུས་རབས་གསར་པར་གུང་ཁྲན་ཏང་མིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་ཐེག་པ་ཁུར་ལེན་བཅས་བྱས་ནས་རྒྱང་ལམ་གསར་པར་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས”ཞེས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ཏང་ཡོན་རྒན་གྲས་ཀྲང་ལན་ཧྲེང་ལ་འཕྲིན་ལན་སྤྲིངས་པའི་ནང་ནན་བཤད་འདི་ལྟར་གནང་ཡོད།
“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན” དུས་རབས་གསར་པ་ཤར་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ལྷོ་བྱང་གང་སར་ཕེབས་ཏེ། “བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”དད་སེམས་ཀྱི་བརྩེ་བ་ཟབ་མོ་བཅངས་པས། མང་ཚོགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཡོད།
“མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་དགོས” ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“《གྲོས་འགོའི》མ་ཟིན་གྱི་མཛུབ་ཁྲིད་བསམ་བློའི་ནང་མངོན་གསལ་དོད་པོས་ནན་བཤད་བྱས་པའི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་གོམ་སྟབས་བརྟན་པོ་སྤོ་དགོས་ཞེས་པ་དེ་ནི‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་བླང་བྱ་ཞིག་རེད”ཅེས་ནན་བཤད་གནང་ཡོད།
“མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས” མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་སྤེལ་བཞིན་ཡོད་ཅིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པར་གཞོལ་བཞིན་ཡོད།
“ཏང་འཛུགས་སྐྱོང་ཡག་པོ་བྱས་ཚེ་ང་ཚོའི་རྒྱལ་ཁབ་དང་། ང་ཚོའི་མི་དམངས། ང་ཚོའི་བྱ་གཞག་བཅས་ལ་གཞི་ནས་བློ་གཏད་བཅོལ་ས་ཞིག་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་བཀའ་མོལ་འདི་ནི་ཚིག་སྙན་ལ་དོན་ཟབ་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།